ཀོ་པི་འཛུགས་སྐྱོང་འབད་མི་ དཀར་སྦྱིས་ས་རྒེད་འོག་གི་ སོ་ནམ་པ་ཚུ།

སྤུ་ན་ཁ་ལུ་ ཚོང་འབྲེལ་གྱི་དོན་ལས་ ཚོད་བསྲེ་ཀོ་པི་ འཛུགས་སྐྱོང་འབད་དོ་ཡོདཔ།

༉ སྤུ་ན་ཁ་ དཀར་སྦྱིས་ས་རྒེད་འོག་གི་ མི་སེར་ཚུ་ འབྱ་ལཱ་ཚར་ཡོདཔ་ལས་ འབྱ་ཞིང་ནང་ ཀོ་པི་བཙུགས་ནིའི་ གྲ་སྒྲིག་འབད་དོ་ཡོདཔ་ཨིན་པས།
རྫོང་ཁག་ནང་ ཀོ་པི་འཛུགས་སྐྱོང་འབད་མི་ ཡར་སེང་འགྱོ་དོ་ཡོད་མི་དེ་ཡང་ སྤྱི་ལོ་༢༠༡༦ ལུ་ ཀོ་པི་ཐོན་ཤུགས་མེ་ཊིག་ཊཱོན་༧༤ འབད་ས་ལས་ ན་ཧིང་ མེ་ཊིག་ཊཱོན་༢༩༨ ལུ་ ཡར་སེང་སོང་ཡོདཔ་ཨིན་པས།
དུས་ཅི་ དཀར་སྦྱིས་ས་རྒེད་འོག་ནང་ མི་ལ་ལོ་ཅིག་གིས་ འབྱ་ཞིང་ནང་ ཨེ་མ་བསྡུ་ཚར་ཞིནམ་ལས་ འབྱ་མེན་པར་ ཀོ་པི་འཛུགས་སྐྱོང་འབད་ཡོདཔ་ད་ སི་རི་སྒང་ལས་ ཞིང་པ་ཆོས་སྒྲོན་གྱིས་ སླབ་མིའི་ནང་ མོ་གིས་འགོ་དང་པ་ སྤྱི་ལོ་༢༠༠༧ ལུ་ ཀོ་པི་འཛུགས་སྐྱོང་འབད་ཡི་ཟེར་ཨིན་པས།
མོ་གིས་ སླབ་མིའི་ནང་ ལོ་དང་པའི་ནང་ ཀོ་པི་ཐོན་ཤུགས་ ལེགས་ཤོམ་ཡོད་རུང་ ལོ་ཤུལ་མམ་ནང་ལས་ ཀོ་པི་ལེགས་ཤོམ་སྦེ་ བཏགས་མ་བཏུབ་ལས་ ཀོ་པི་གི་ ལཱ་འབད་ནི་བཀོག་བཞག་ཅི་ཟེར་ཨིནམ་ད་ ད་རུང་ མོ་གིས་ ན་ཧིང་ས་ཆ་ཌེ་སི་མཱལ་༢༥ ནང་ ཀོ་པི་བཙུགས་ཡོདཔ་ད་ ཐོན་ཤུགས་ཡང་ལེགས་ཤོམ་ཡོདཔ་ལས་ ཀོ་པི་བཙོང་སྟེ་ ཁེ་སང་དངུལ་ཀྲམ་༡༥༠,༠༠༠ བཟོ་ཡི་ཟེར་ཨིན་པས།
ཆོས་སྒྲོན་གྱིས་ སླབ་མིའི་ནང་ མོ་གི་ཀོ་པི་ཚུ་ ཐིམ་ཕུག་བརྒྱ་འཁོར་ཚོད་བསྲེ་ཁྲོམ་ཁར་ ཚོད་བསྲེ་བཙོང་མི་ཚུ་ལུ་ བཙོང་དོ་ཟེར་ཨིནམ་ད་ མེ་ཏོག་ཀོ་པི་ ཀེ་ཇི་རེ་ལུ་ དངུལ་ཀྲམ་༡༠༠ རེ་དང་ ཀོ་པི་དང་ བོ་ཀོ་ལི་ ཀེ་ཇི་རེ་ལུ་དངུལ་ཀྲམ་༤༠ དང་༥༠ སྦེ་ བཙོང་དོ་ཟེར་ཨིན་པས།
མོ་གིས་ ཀོ་པི་གི་ སོན་ཉོ་ནི་ལུ་ དངུལ་ཀྲམ་༢༥༠༠ རེ་ ཟད་འགྲོ་བཏང་སྟེ་ སྔོ་ཚལ་ཤེལ་ཁྱིམ་ནང་ བཙུགས་ཞིནམ་ལས་ ལྕུ་གུ་དེ་ སྤོ་སྟེ་བཙུགས་དོ་ཡོདཔ་ད་ མོ་གིས་སླབ་མིའི་ནང་ དུས་ཅི་ ཆརཔ་གིས་ ལྕུ་གུ་ལ་ལོ་ མེདཔ་བཏང་ཡོདཔ་ལས་ སོན་ཉོ་ནི་ལུ་ ཟད་འགྲོ་ཐེབས་བཏང་ཡི་ཟེར་ཨིན་པས།
མོ་གིས་ སླབ་མིའི་ནང་ ཚོད་བསྲེ་གཞན་དང་ཕྱདཔ་ད་ ཀོ་པིའི་ལཱ་འབད་ནི་དེ་ འཇམ་པས་ཟེར་ཨིནམ་ད་ ཆརཔ་གི་དུས་ཚོད་ཁར་ ལྕུ་གུ་ སྤོ་བཙུགས་འབད་བ་ཅིན་ མེདཔ་ཐལ་དོ་ཡོདཔ་ལས་ དུས་ཚོད་དེ་ ཁག་ཆེ་ཟེར་ཨིན་པས།
མོ་གིས་ དུས་ཅི་ ས་ཞིང་ཨེ་ཀར་ཕྱེད་དང་༢ ནང་ ཚོད་བསྲེ་ཀོ་པི་དང་ མེ་ཏོག་ཀོ་པི་ བོ་ཀོ་ལི་འཛུགས་སྐྱོང་འབད་ཡོདཔ་ད་ ན་ཧིང་ ས་གནས་ནང་ ཀོ་པི་འཛུགས་སྐྱོང་འབད་མི་ མོ་རྐྱངམ་གཅིག་ཨིན་རུང་ དུས་ཅི་ ཁྱིམ་གུང་དག་པ་ཅིག་གིས་ཡང་ ཀོ་པི་བཙུགས་ཡོདཔ་ཨིན་པས།
ཝ་ཀུ་དམ་ཅི་ལས་ ཚེ་རིང་དབྱངས་སྒྲོན་གྱིས་ སླབ་མིའི་ནང་ མོ་ར་སྤྱོད་ནིའི་དོན་ལུ་ ཚོད་བསྲེ་ལྡུམ་ར་ནང་ མེ་ཏོག་ཀོ་པི་དང་ བོ་ཀོ་ལི་ཚུ་ འཛུགས་སྐྱོང་འབད་ཡི་ཟེར་ཨིནམ་ད་ ཚོད་བསྲེ་དེ་ཚུ་ འབྱ་ལཱ་ཚར་ཞིནམ་ལས་ མངམ་སྦེ་བཙུགས་དོ་ཟེར་ཨིན་པས།
མོ་གི་ ན་ཧིང་ ཀོ་པི་བཙོང་སྟེ་ འོང་འབབ་དངུལ་ཀྲམ་༥༠,༠༠༠ བཟོ་ཡོདཔ་ལས་ དུས་ཅི་ ས་ཆ་ཌེ་སི་མཱལ་༢༠ དང་༥༠ དེ་ཅིག་ནང་ ཚོད་བསྲེ་བཙུགས་ནིའི་ འཆར་གཞི་ཡོད་ཟེར་ཨིནམ་ད་ མོ་གིས་ སླབ་མིའི་ནང་ ཚོད་བསྲེ་ཚུ་ གོང་ཚད་ལེགས་ཤོམ་ཐོབ་པའི་སྐབས་ ཁྲོམ་ཁར་ཚོད་བསྲེ་བཙོང་མི་ཚུ་གིས་ ཚོད་བསྲེ་ཉོ་བར་ འོང་དོ་ཡོདཔ་ལས་ ང་བཅས་ཀྱིས་ ཀེ་ཇི་ལུ་དངུལ་ཀྲམ་༥༠ རེ་སྦེ་ བཙོང་མི་དེ་ ཁོང་གིས་ དངུལ་ཀྲམ་༡༠༠ རེ་སྦེ་ བཙོང་དོ་ཡོདཔ་ལས་ ང་བཅས་ལུ་ ཁེ་སང་དུམ་གྲ་ཅིག་ལས་མེད་རུང་ རང་སྡོད་ས་ཚུན་ ཉོ་བར་འོང་མི་དེ་ སྟབས་བདེ་བས་ཟེར་ཨིན་པས།
སྤུ་ན་ཁ་རྫོང་ཁག་ནང་ ཚོད་བསྲེ་ཤུགས་ཆེ་ཤོས་ཅིག་ ཨེ་མ་དང་ སྲནམ་ཅུམ་ དེ་ལས་ ལ་ཕུག་གི་ ལཱ་འབད་དོ་ཡོདཔ་ ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཉིམ་རྡོ་རྗེ།

 

 

 

About admin

Check Also

འགྲམ་ཕུག་ལས་ ལྷ་མོའི་རྫིང་ཁ་ཚུན་ འགྲུལ་སྐྱོད་འབད་བའི་སྐབས་ཀྱི་གནས་སྟངས།

༉ ལྷ་མོའི་རྫིང་ཁ་དེ་ མི་སྡེ་བརྡ་བརྒྱུད་ནང་མཐོངམ་ད་ ས་ཆ་དགའ་ཏོག་ཏོ་དང་ མཛེས་ཆ་དང་ལྡནམ་སྦེ་ མཐོང་པའི་ཁར་ ཕུན་ཚོགས་གླིང་གི་ ཉེ་འདབས་ལུ་ཨིན་པས། དར་དཀར་ནང་རྫོང་ཁག་ནང་ཆགས་མི་ ལྷ་མོའི་རྫིང་ཁ་ཁྲོམ་དེ་ རྒྱལ་ཁབ་ནང་ ཁྲོམ་རྙིང་ཤོས་ཅིག་ཨིན་པས། ཧེ་མ་འབད་བ་ཅིན་ ཁྲོམ་དེ་ནང་ དགེ་འདུ་ལས་ཡང་ …

Leave a Reply

Your email address will not be published. Required fields are marked *