སྤུ་ན་ཁ་ལུ་ བོ་ལི་བཱོལ་རྩེད་འགྲན་ནང་ལས་ དགྲ་ལས་རྣམ་རྒྱལ་གྱིས་ དྲག་ཤོས་ཐོན་ཡོདཔ།

༉ ཉིནམ་༢ ཀྱི་རིང་ སྤུ་ན་ཁ་ལུ་སྦེ་ བོ་ལི་བཱོལ་འགྲན་བསྡུར་འགོ་འདྲེན་འཐབ་མིའི་ནང་ལས་ དགྲ་ལས་རྣམ་རྒྱལ་གྱིས་དྲག་ཤོས་ཐོན་ཡོདཔ་ཨིན་པས།

དེ་ཡང་ དགྲ་ལས་རྣམ་རྒྱལ་སྡེ་ཚན་གྱིས་ ཧེ་མ་ལས་ རྩེད་འགྲན་འབད་མི་དང་ ཉམས་མྱོང་ཅན་ཅིག་ཨིན་མི་ བསྟན་སྲུང་སྡེ་ཚན་དེ་ མཐའ་བཅད་ཀྱི་ རྩེད་འགྲན་འབད་བའི་སྐབས་ སྐུགས་༣ ཆོད་དེ་ ཕམ་བཏངམ་ད་ བསྟན་སྲུང་སྡེ་ཚན་གྱིས་ སྐུགས་༡ ལས་བརྒལ་ རྒྱལ་ཁ་ཐོབ་མ་ཚུགས་པས།

སྤྱི་ཟླ་༡ པའི་ཚེས་༢༩ ལུ་ སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འབད་ཡོདཔ་ད་ མ་གཞི་ མཐའ་བཅད་ཀྱི་རྩེད་འགྲན་ཅིག་འབད་ནི་དེ་གིས་ སྐོར་ཐེངས་༥ འི་ རྩེད་འགྲན་འབད་ཡོདཔ་ཨིན་པས།

མ་གཞི་ བསྟན་སྲུང་སྡེ་ཚན་གྱིས་ སྐོར་ཐེངས་དང་པའི་རྩེད་འགྲན་དེ་ སྐུགས་༢༥ ཐོབ་སྟེ་ སྐུགས་དང་པ་ཆོད་པའི་སྐབས་ དགྲ་ལས་རྣམ་རྒྱལ་གྱིས་ སྐུགས་༢༠ ལས་བརྒལ་ ཐོབ་མ་ཚུགསཔ་ཨིན་པས།

ཨིན་རུང་ སྐོར་ཐེངས་༢ པའི་ནང་ དགྲ་ལས་རྣམ་རྒྱལ་གྱིས་ སྐུགས་༢༥ ཐོབ་སྟེ་ སྐུགས་༡ པ་ཆོདཔ་ད་ བསྟན་སྲུང་གིས་ སྐུགས་༡༥ ལས་བརྒལ་ཐོབ་མ་ཚུགསཔ་ཨིན་རུང་ སྐུགས་༢ པ་ཆོདཔ་ད་ བསྟན་སྲུང་གིས་ སྐུགས་༢༠ ཐོབ་ཡོདཔ་ཨིན་པས།

བསྟན་སྲུང་སྡེ་ཚན་གྱིས་ སྐོར་ཐོངས་༥ ཚུན་ དོ་འགྲན་འབད་ནིའི་དོན་ལུ་ སྐོར་ཐེངས་༤ པའི་ནང་ རྩ་འགེངས་ཏེ་ རྩེད་འགྲན་འབད་དེ་ སྐུགས་༡༧ ཐོབ་པའི་སྐབས་ དགྲ་ལས་རྣམ་རྒྱལ་གྱིས་ སྐུགས་༢༥ ཐོབ་སྟེ་ སྐུགས་༣ པ་ཆོད་བཏང་ནི་དེ་གིས་ གཞན་མི་སྐོར་ཐེངས་རྩེད་འགྲན་འབད་ནིའི་གོ་སྐབས་ ཐོབ་མ་ཚུགསཔ་ཨིན་པས།

དགྲ་ལས་རྣམ་རྒྱལ་གྱིས་ ལིག་སྐོར་ཐེངས་རྩེད་འགྲན་ཚུ་ནང་ཡང་ སྡེ་ཚན་༤ ལས་ རྒྱལ་ཁ་ཐོབ་ཡོདཔ་བཞིན་དུ་ མཐའ་བཅད་འོག་མའི་རྩེད་འགྲན་ནང་ སྦྱེལཝ་སྦྱེལ་སར་ ཊི་ཊཱན་སྡེ་ཚན་ཕམ་ཏེ་ མཐའ་བཅད་ནང་ལྷོད་ཡོདཔ་ཨིན་པས།

དགྲ་ལས་རྣམ་རྒྱལ་སྡེ་ཚན་གྱི་དོ་དམ་པ་ ཀརྨ་བཀྲིས་ཕུན་ཚོགས་ཀྱིས་ སླབ་མིའི་ནང་ མ་གཞི་ མཐའ་བཅད་ཀྱི་རྩེད་འགྲན་འབད་ནི་དེ་ གདོང་ལེན་ཅན་ཅིག་བྱུང་ཡོདཔ་ཨིན་རུང་ རྒྱལ་ཁ་ཐོབ་ནི་དེ་གིས་ སེམས་དགའ་ཡི་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ དགྲ་ལས་རྣམ་རྒྱལ་སྡེ་ཚན་གྱི་ རྩེད་འགྲན་པ་ཚུ་ ག་ར་ སྤུན་ཆ་ཨིནམ་མ་ཚད་ སྦྱོང་བརྡར་ཡང་ ལེགས་ཤོམ་འབད་ཚུགས་པའི་ རྟགས་མཚན་ཨིན་ཟེར་ཨིན་པས།

བསྟན་སྲུང་སྡེ་ཚན་དང་ རའེ་སརསི་སྡེ་ཚན་༢ ཀྱི་བར་ན་ མཐའ་བཅད་འོག་མའི་ རྩེད་འགྲན་དེ་ སྤྲོ་བ་ཆེ་ཏོག་ཏོ་བྱུང་མི་དེ་ཡང་ སྡེ་ཚན་༢ ཆ་ར་གིས་ སྐུགས་༢ རེ་ཆོད་དེ་ རྒྱལ་ཕམ་ཕྱེ་མ་ཚུགསཔ་ལས་ སྐོར་ཐེངས་༥ པ་ མཐའ་བཅད་ཀྱི་རྩེད་འགྲན་འབད་དགོཔ་བྱུང་ཡོདཔ་ད་ དེ་ཡང་ བསྟན་སྲུང་གིས་ སྐུགས་༡༥ ཐོབ་སྟེ་ རྒྱལ་ཁ་ཐོབ་པའི་སྐབས་ གཞན་མི་སྡེ་ཚན་གྱིས་ སྐུགས་༡༠ ཐོབ་ཡོདཔ་ཨིན་པས།

ལས་རིམ་འགོ་འདྲེན་འཐབ་མི་ སྤུ་ན་ཁ་རྩེད་རིགས་ཚོགས་པ་གིས་ དྲག་ཤོས་ཨང་དང་པ་ཐོན་མི་ དགྲ་ལས་རྣམ་རྒྱལ་སྡེ་ཚན་ལུ་ དངུལ་རྐྱང་གི་གསོལ་རས་ དངུལ་ཀྲམ་༥༠,༠༠༠ དང་ བསྟན་སྲུང་ལུ་ དངུལ་རྐྱང་གི་གསོལ་རས་ དངུལ་ཀྲམ་༣༥,༠༠༠ བྱིན་པའི་ཁར་ རྒྱལ་རྟགས་ཚུ་ཡང་ བྱིན་ཡོདཔ་ཨིན་པས།

སྤུ་ན་ཁ་རྫོང་ཁག་གི་ རྩེད་རིགས་ཚོགས་པ་གིས་ བྷུ་ཊཱན་བོ་ལི་བཱོལ་ཚོགས་པ་དང་གཅིག་ཁར་ མཉམ་འབྲེལ་ཐོག་ལས་ རྩེད་འགྲན་ལས་རིམ་ འགོ་འདྲེན་འཐབ་མིའི་ནང་ བསྡོམས་ཀྱིས་ སྡེ་ཚན་༨ ཀྱིས་ བཅའ་མར་གཏོགས་མི་ལས་ སྡེ་ཚན་མང་ཤོས་ཅིག་ ཐིམ་ཕུག་རྫོང་ཁག་ལས་ཡོདཔ་ཨིན་པས།

བྷུ་ཊཱན་བོ་ལི་བཱོལ་ཚོགས་པ་ལས་ སློབ་སྟོན་པ་ རྟ་མགྲིན་དབང་ཕྱུག་གིས་ སླབ་མིའི་ནང་ རྩེད་རིགས་འགོ་འདྲེན་འཐབ་དགོ་པའི་དམིགས་ཡུལ་དེ་ ལག་རྩལ་བཱོལ་ལི་བཱོལ་རྩེད་འགྲན་འབད་ནི་ལུ་ སྤྲོ་བ་བསྐྱེད་བཅུག་ཐབས་དང་ རྩེད་རིགས་གོང་འཕེལ་གཏང་ནིའི་དོན་ལུ་ཨིན་ཟེར་ཨིན་པས།

འདས་པའི་ཟླཝ་ཚུ་ནང་ བྷུ་ཊཱན་བོ་ལི་བཱོལ་ཚོགས་པ་གིས་ སློབ་ཕྲུག་ཚུ་གི་དོན་ལུ་ གནམ་དགུན་ལག་རྩལ་བོ་ལི་བཱོལ་ སྦྱོང་བརྡར་འཐབ་ཡོདཔ་མ་ཚད་ བང་ལ་དེཤ་གི་ རྒྱ་མཚོའི་མཐའ་མ་ལུ་སྦེ་ བོ་ལི་བཱོལ་འགྲན་བསྡུར་ཚུ་ནང་ཡང་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ སློབ་སྟོན་པ་ཚུ་ལུ་ སྔོན་འགྲོའི་སྦྱོང་བརྡར་ཚུ་ བྱིན་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

ཁྲག་ཤུགས་བརྟག་དཔྱད་དང་ གཟུགས་ཀྱི་ཚ་དྲོད་མི་ཊར་འཕྲུལ་ཆས་ གྲོགས་རམ་སྦེ་བྱིན་ཡོདཔ།

༉ ཁ་ཙ་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་དང་ ཇ་པཱན་ལུ་ཡོད་པའི་ ཀི་ཡོ་ཊོ་མཐོ་རིམ་སློབ་གྲྭ་༢ ཀྱིས་ མཉམ་འབྲེལ་ཐོག་ལས་ བཀྲིས་སྒང་རྫོང་ཁག་གི་དོན་ལུ་ ཉེ་བར་མཁོ་བའི་ གསོ་བའི་ཅ་ཆས་ཚུ་ གྲོགས་རམ་སྦེ་བྱིན་ཡོདཔ་ཨིན་པས།ཨང་གནས་ཐོག་ལས་ ཁྲག་ཤུགས་བརྟག་དཔྱད་འབད་མི་ འཕྲུལ་ཆས་༥༦ དང་ གཟུགས་ཀྱི་ཚ་དྲོད་མི་ཊར་འཕྲུལ་ཆས་༦༡ …

Leave a Reply

Your email address will not be published. Required fields are marked *