པཱམ་ལུ་ ཚོགས་སྡེའི་འཐུས་མི་ཨམ་སྲུ་ཅིག་གིས་ ནོར་ལུ་ཆག་བྱིན་པའི་བསྒང་།

སྤམ་གྱི་སྒོ་ནོར་མཉམ་ལས་ཚོགས་སྡེ་ མིག་དཔེ་ལུ་གྱུར་ཡོདཔ།

༉ བཀྲིས་སྒང་ བསམ་མཁར་རྒེད་འོག་ སྤམ་གཡུས་ཚན་ནང་ཡོད་མི་ སྒོ་ནོར་ཐོན་སྐྱེད་གོང་འཕེལ་ལས་རིམ་དེ་ གྲུབ་འབྲས་ཅན་བྱུང་ཡོདཔ་ད་ དེ་བཟུམ་གྱི་ གྲུབ་འབྲས་བྱུང་མི་དེ་ཡང་ དེ་ནང་ལཱ་འབད་མི་ཚུ་གི་བར་ན་ མཐུན་ལམ་ལེགས་ཤོམ་ཡོད་མི་ལུ་བརྟེན་ཨིན་པས།
འདས་པའི་ལོ་༡༣ གྱི་ཧེ་མ་འབད་བ་ཅིན་ སྤམ་སྟོད་ཀྱི་མི་ཚུ་གིས་ སྤམ་སྨད་ལུ་ ལཱ་འབད་བར་འོང་དོ་ཡོདཔ་ད་ དེ་ཡང་ དེ་བསྒང་མི་ཚུ་ བཟའ་འཐུང་གི་ དཀའ་ངལ་ཡོད་མི་ལུ་བརྟེན་ཨིན་པས།
དེ་བསྒང་ ཨ་ལོ་ལེ་ཤ་ཅིག་ སློབ་གྲྭ་ནང་ལས་ཐོན་ཏེ་ ཁྱིམ་ནང་ཕམ་ཚུ་ལུ་ ཆ་རོགས་འབད་སྡོད་ནི་དེ་གིས་ ཤེས་ཡོན་ཡང་ ལེགས་ཤོམ་སྦེ་ ལྷབ་མ་ཚུགས་པའི་ དཀའ་ངལ་ཐོན་ནུག།
དེ་བཟུམ་གྱི་དཀའ་ངལ་ཚུ་ སེལ་ཐབས་ལུ་ སྒོ་ནོར་གོང་འཕེལ་མཉམ་ལས་ཚོགས་སྡེ་ གཞི་བཙུགས་འབད་ཡོདཔ་ད་ ད་རེས་ གྲུབ་འབྲས་དེ་ སྤམ་གྱི་མི་སེར་ག་ར་གིས་ ཐོབ་སྟེ་འདུག།
མཉམ་ལས་ཚོགས་སྡེའི་ཁྲི་འཛིན་ དོན་གྲུབ་ཀྱིས་འབད་བ་ཅིན་ མ་གཞི་ ཚོགས་སྡེ་གཞི་བཙུགས་འབད་ནི་དེ་ ལཱ་ཁག་ཨིན་རུང་ དེ་གིས་ ཕུགས་ལུ་ མི་སེར་ཚུ་ལུ་ ཕན་ཐོགས་ཡོདཔ་ ཧ་གོ་ནི་དེ་གིས་ རྩ་འགེངས་ཏེ་ གཞི་བཙུགས་འབད་ཡི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ འགོ་ཐོག་ཟླཝ་༦ དེ་ཅིག་ ཚོགས་སྡེ་གིས་ མི་སེར་ཚུ་ལུ་ ཕན་ཐོགས་ཀྱི་སྐོར་ལས་ གོ་བརྡ་སྤྲོད་ནི་དེ་ ལཱ་ཁག་བཏང་ཡི་ཟེར་ཨིནམ་ད་ དེ་ཡང་ མི་ཚུ་གིས་ སྒོ་ནོར་སེམས་ཅན་གྱི་ ཕན་ཐོགས་ཡོད་པའི་སྐོར་ལས་ ལེགས་ཤོམ་སྦེ་ ཧ་གོ་མ་ཚུགས་ནི་དེ་གིས་ འོང་ནི་མས་ཟེར་ཨིན་པས།
དེ་ལས་ ཁྲི་འཛིན་གྱི་ འགོ་འདྲེན་ཐོག་ལས་ གཡུས་མི་སྡེ་ཚན་ཅིག་གིས་ སྒོ་ནོར་མཉམ་ལས་ཚོགས་སྡེ་དེ་ སྤྱི་ལོ་༢༠༠༥ ལུ་ གཞི་བཙུགས་འབད་ཡོདཔ་ད་ དེ་བསྒང་ འཐུས་མི་༢༢ ལུ་ བེ་ལ་བ་༢༢ ཀྱི་ཐོག་ལས་ འགོ་བཙུགས་ནུག།
བ་ཚུ་ པདྨ་དགའ་ཚལ་ལས་ ཉོ་ཡོདཔ་ད་ དེ་བསྒང་བ་༢༢ ཀྱིས་ ཉིནམ་གཅིག་ལུ་ ཨོམ་ལི་ཊར་༤༥ བྱིན་མི་དེ་ ལི་ཊར་རེ་ལུ་ དངུལ་ཀྲམ་༢༠ སྦེ་བཙོང་ནུག།
སྐྱེས་ལོ་༥༣ ལང་མི་ དོན་གྲུབ་ཀྱིས་ སླབ་མིའི་ནང་ མ་གཞི་ དེ་བསྒང་ ཨོམ་གྱི་ཐོན་སྐྱེད་ལེགས་ཤོམ་མེད་རུང་ འགྲོས་ཀྱིས་བཏང་ མི་ཚུ་གི་ འཚོ་བའི་གནས་ཚད་དེ་ ལེགས་བཅོས་འབད་ཚུགས་ཅི་ཟེར་ཨིནམ་ད་ ད་རེས་ སྤམ་སྟོད་ཀྱི་ མི་མང་ཤོས་ཅིག་གིས་ ས་དང་ཁྱིམ་ཚུ་ མཁོ་སྒྲུབ་འབད་ཚུགས་ཡོདཔ་ཨིན་པས།
མཉམ་ལས་ཚོགས་སྡེ་ གཞི་བཙུགས་འབད་དེ་ ལོ་༢ ཀྱི་ཤུལ་ལས་ རྒྱ་གར་དར་ཇི་གླིང་ལས་ བ་༦༠ ནང་འདྲེན་འབད་མི་དེ་གིས་ ཉིན་བསྟར་བཞིན་དུ་ ཨོམ་ལི་ཊར་༢༠༠ རེ་ཐོན་སྐྱེད་འབད་ཚུགས་ནུག།
ད་རེས་ ཚོགས་པའི་འཐུས་མི་༥༠ ལུ་ བ་༢༠༠ ཡོདཔ་ད་ དེ་གིས་ ཉིནམ་རེ་ལུ་ ཨོམ་ལི་ཊར་༢༠༠ དེ་རེ་ ཐོན་སྐྱེད་འབད་མི་དེ་ ལི་ཊར་རེ་ལུ་ དངུལ་ཀྲམ་༤༠ སྦེ་ བཙོང་དོ་ཡོདཔ་ཨིན་པས།
ཚོགས་སྡེའི་འཐུས་མི་ཚུ་གིས་ ཨོམ་བཙོང་མི་ལས་ ཟླ་རིམ་བཞིན་དུ་ དངུལ་ཀྲམ་༡༨,༠༠༠ རེ་ཐོབ་ཚུགས་དོ་ཡོདཔ་ད་ ཨིན་རུང་ ཚོགས་སྡེ་ལུ་ ནོར་གི་རྩྭ་ཆག་མེད་པའི་ དཀའ་ངལ་དུམ་གྲ་ཅིག་ ཡོདཔ་ཨིན་པས།
ན་ཧིང་ བཀྲིས་སྒང་རྫོང་ཁག་རྐྱངམ་གཅིག་གིས་ར་ ཨོམ་ལི་ཊར་ མེ་ཊིག་ཊཱོན་༦,༧༡༠.༡ ཐོན་སྐྱེད་འབད་མི་དེ་ རྒྱལ་ཁབ་ནང་མཐོ་ཤོས་ཅིག་ཨིནམ་ད་ རྫོང་ཁག་ནང་ བ་༢༧,༢༤༤ ཡོད་ས་ལས་ ཨོམ་བཞོ་མི་༡༢,༨༣༢ ཡོདཔ་ཨིན་པས།
ཨོམ་ལི་ཊར་ མེ་ཊིག་ཊཱོན་༦,༧༡༠.༡ ཐོན་སྐྱེད་འབད་མི་ལས་ མེ་ཊིག་ཊཱོན་༤,༧༥༥.༩༧ དེ་ མར་དང་དར་ཚིལ་བཟོ་སྟེ་ ཚོང་འབྲེལ་འཐབ་ཨིན་པའི་གནས་ཚུལ།

About admin

Check Also

དངུལ་ཁང་ཚུ་གིས་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ ཆ་མེད་བཏང་དོ་ཡོདཔ།

༉ ལྟ་བཤལཔ་ཚུ་གིས་ ཚར་ལེ་ཤ་ཅིག་ཁར་ འབྲུག་ལུ་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ སྐྱོད་ཐམ་དང་ ཡུན་བརྟན་གོང་འཕེལ་གྱི་འཐུས་ བཏབ་ནིའི་དོན་ལུ་ དཔའ་བཅམ་ཡོད་རུང་ བརྗེ་སོར་འབད་མི་བཏུབ་དོ་ཡོདཔ་ལས་ ལྟ་བཤལཔ་ཚུ་ རྣམ་རྟོག་ལང་རུང་ འབད་ཐབས་གཞན་མེདཔ་ཨིན་པས། རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ དངུལ་བརྒྱ་ཆ་༥༠ …

Leave a Reply

Your email address will not be published. Required fields are marked *