ཉེན་ཁ་ཅན་གྱི་ གནས་སྟངས་ཐོག་ལུ་ཡོད་མི་ སྤང་རི་ཟམ།

སྤང་རི་ཟམ་གྱི་ གནས་སྟངས་དེ་ལུ་ རྒྱུན་འགྲུལ་འཐབ་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ།

༉ ཐིམ་ཕུག་ དཀར་སྦྱིས་ས་ལུ་སྡོད་མི་དང་ སྤང་རི་ཟམ་པ་ ལག་ལེན་འཐབ་མི་ཚུ་ ཟམ་གྱི་ཉེན་སྲུང་ལུ་ ཚ་གྱང་ལང་སྟེ་འདུག།

རིང་ཚད་ཕིཊ་༨༠ དང་ ལྗིད་ཚད་མེ་ཊིག་ཊཱོན་༡༥ འབད་མི་ ལྕགས་ཟམ་དེ་ སྤྱི་ལོ་༢༠༠༧ ལུ་ བཟོ་སྐྲུན་འབད་ཡོདཔ་ད་ དཀར་སྦྱིས་ས་ལུ་སྡོད་མི་ རྡོ་རྗེ་དབང་མོ་གིས་ སླབ་མིའི་ནང་ ཟམ་དེ་ལས་ ཉིན་བསྟར་བཞིན་དུ་ སྣུམ་འཁོར་བརྒྱ་ལས་བཅད་དེ་ རྒྱུན་འགྲུལ་འཐབ་མས་ཟེར་ཨིན་པས།

མོ་གིས་འབད་བ་ཅིན་ དཀར་སྦིས་ས་ལུ་སྡོད་མི་རྐྱངམ་གཅིག་མེན་པར་ བཟོ་སྐྲུན་འབད་མི་ཅ་ཆས་ བྱེམ་དང་ རྡོ་ ཤིང་དུམ་ དེ་ལས་ རྩི་ས་འབག་མི་ སྣུམ་འཁོར་ཚུ་གིས་ཡང་ ཟམ་དེ་ ལག་ལེན་འཐབ་མས་ཟེར་ཨིནམ་ད་ ཉིན་བསྟར་བཞིན་དུ་ དོ་འབག་མི་ སྣུམ་འཁོར་ཊཱག་༦ དེ་ཅིག་གིས་ ཟམ་དེ་ལས་ རྒྱུན་འགྲུལ་འཐབ་མས་ཟེར་ཨིན་པས།

རྡོ་རྗེ་དབང་མོ་གིས་ སླབ་མིའི་ནང་ ཟམ་དེ་ སྣུམ་འཁོར་ཆེ་བ་ཚུ་གིས་ མེདཔ་བཏང་ནུག་ཟེར་ཨིནམ་ད་ ད་རེས་ ཟམ་དེ་གུ་ ཧོ་ཀ་ཐོན་ཡོད་པའི་ཁར་ གནས་སྟངས་ལེགས་ཤོམ་མེདཔ་ལས་ མི་ཚུ་ ཕྱི་རུ་རྒྱུན་འགྲུལ་འཐབཔ་ད་ ཉེན་ཁ་སྦོམ་སྦེ་ར་ འདུག་ཟེར་ཨིན་པས།

སྤྱི་ཟླ་༡༠ པའི་ཚེས་༢༣ ལུ་ ལམ་སེལ་ལས་ཁུངས་ཀྱིས་ ཟམ་གྱི་ཧོ་ཀ་ཚུ་ ཤིང་གིས་བསུབས་ཏེ་ཡོདཔ་ད་ ཀ་ཝང་རྒཔོ་ ཐུགས་བརྟན་དབང་ཕྱུག་གིས་ སླབ་མིའི་ནང་ ལས་ཁུངས་ཀྱིས་ དགོས་མཁོ་དང་འཁྲིལ་ཏེ་ རྒྱུན་སྐྱོང་གི་ རྒྱབ་སྐྱོར་ཚུ་འབད་དོ་ཟེར་ཨིན་པས།

ཟམ་དང་འབྲེལ་བའི་ གནད་དོན་ཚུ་ཐོན་པའི་སྐབས་ དེ་འཕྲོ་ལས་ རྒྱབ་སྐྱོར་འབད་བཞིན་དུ་ཡོད་ཟེར་ཨིནམ་ད་ ཧེ་མ་འབད་བ་ཅིན་ མི་མང་ཤོས་ཅིག་གིས་ ཟམ་དེའི་གུ་ལས་མེན་པར་ བདེ་ཆེན་ཆོས་གླིང་ ས་སྣུམ་བླུག་ས་ལས་ བོད་སྒར་ནང་བརྒྱུད་དེ་ དཀར་སྦིས་ས་ལུ་ འགྱོཝ་ཨིན་ཟེར་ ཐུགས་བརྟན་དབང་ཕྱུག་གིས་ བཤདཔ་ཨིན་པས།

ཁོ་གིས་འབད་བ་ཅིན་ སྤྱིར་བཏང་མི་ཚུ་གིས་ ཟམ་རྒྱུན་སྐྱོང་འཐབ་ནི་ལུ་ འགན་འཁྲི་འབག་ནི་མེདཔ་ལས་ ཁོང་གིས་འབད་བ་ཅིན་ ཆ་མཉམ་ར་ གཞུང་གིས་འབད་དགོ་པའི་ རེ་བ་བསྐྱེད་དེ་སྡོདཔ་མས་ཟེར་ཨིནམ་ད་ དེ་འཕྲོ་ལས་ ལཱ་འབད་ནི་དེ་ཡང་ ལཱ་ཁག་འདུག་ཟེར་ཨིན་པས།

དཀར་སྦིས་ས་ལུ་སྡོད་མི་ཅིག་གིས་ སླབ་མིའི་ནང་ ད་རེས་འབདཝ་ད་ ཟམ་དེ་ རྒྱུན་སྐྱོང་འཐབ་སྟེ་ ལོ་༥ དེ་ཅིག་ ལང་དོ་ཡོད་རུང་ ཟམ་གྱི་གནས་སྟངས་དེ་ སྐྱོ་དྲགས་ཐལ་སོ་ནུག་ཟེར་ཨིནམ་ད་ ཚར་གཅིག་འབདཝ་ད་ ཟམ་གྱི་ ཧོང་ཀ་བསུབ་ནིའི་དོན་ལུ་ རྡོ་ཡང་ལག་ལེན་ཡོདཔ་ མཐོང་ཅི་ཟེར་ཨིན་པས།

ལས་ཁུངས་ཀྱི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཟམ་གྱི་གནས་སྟངས་སྐོར་ལས་ མི་སྡེ་བརྡ་བརྒྱུད་ནང་ མཐོང་བའི་ཤུལ་ལས་ ཟམ་གྱི་ཧོང་ཀ་བསུབ་ནིའི་ ལཱ་འབད་ཡི་ཟེར་ཨིནམ་ད་ དཀར་སྦིས་ས་ མ་འཆར་གཞི་ནང་ ཟམ་དེ་ དགོས་མཁོ་ཡོད་ཟེར་ཨིན་པས།

ད་རེས་ ཟམ་གྱི་ཚོད་རྩིས་ནང་ ལཱ་འབད་བའི་བསྒང་ཡོདཔ་ལས་ ལམ་སེལ་ལས་ཁུངས་ཀྱི་ ཡིག་ཚང་ལྟེ་བ་ལུ་ ཕུལ་འོང་ཟེར་ཨིནམ་བཞིན་དུ་ གནས་སྐབས་ཅིག་ ཟམ་དེ་ ཤིང་གི་བཟོ་སྐྲུན་སྦེ་ར་ སྡོད་ནི་ཨིན་པས།

འགོ་དཔོན་ཚུ་གིས་འབད་བ་ཅིན་ གལ་སྲིད་ ཟམ་དེ་ལུ་བརྟེན་ དཀའ་ངལ་རེ་ འབྱུང་པ་ཅིན་ སྙན་ཞུ་འབད་དགོཔ་སྦེ་ སླབ་སྟེ་ཡོད་ཟེར་ ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཨོ་རྒྱན་རྡོ་རྗེ།

About admin

Check Also

ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་ གངམ་མེད་ནི་དེ་གིས་ ཕགཔ་གསོ་སྐྱོང་འབད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ།

༉ ཕགཔ་གི་ལྟོའི་གོང་ཚད་ཡར་སེང་འགྱོ་མི་དང་ ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་མར་བབས་འགྱོ་མི་ དེ་ལས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གནད་དོན་ཚུ་ལུ་བརྟེན་ རྩི་རང་དང་ དར་དཀར་ནང་ དེ་ལས་ གསར་སྤང་གི་ ཕགཔ་གསོ་སྐྱོང་འབད་མི་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *