༉ ཁྲིམས་སྲུང་འགག་པ་གིས་ སྤ་རོ་རྫོང་ཁག་ནང་འཁོད་ཀྱི་ སློབ་གྲྭ་ཁག་༥ ནང་ལས་ སློབ་ཕྲུག་ཚུ་ལུ་ སྣུམ་འཁོར་བརྡ་སྟོན་གྱི་ ལམ་ལུགས་དང་ གཞི་རྟེན་སྦྱོང་བརྡར་ཚུ་ བྱིན་ཡོདཔ་ལས་ ད་ལས་ཕར་ ཁོང་གིས་སྦེ་ སྣུམ་འཁོར་འཛིན་སྐྱོང་འཐབ་ནི་ཨིན་པས།
གཞི་རྟེན་སྦྱོང་བརྡར་ སློབ་གྲྭ་རེ་ལས་ སློབ་དཔོན་རེ་དང་ སློབ་ཕྲུག་༢༠ གིས་ བཅའ་མར་གཏོགས་ཡོདཔ་ཨིན་པས།
སྤ་རོའི་ ཁྲིམས་སྲུང་འགག་པའི་ སྡེ་འཛིན་གོངམ་ པ་སངས་རྡོ་རྗེ་གིས་ བཤད་མིའི་ནང་ སྣུམ་འཁོར་བརྡ་སྟོན་གྱི་ལམ་ལུགས་དང་ གཞི་རྟེན་སྦྱོང་བརྡར་བྱིན་མི་དེ་གིས་ ཁྲིམས་སྲུང་འགག་པའི་ སྣུམ་འཁོར་བརྡ་སྟོན་པ་ཚུ་ལུ་ ཕན་སྦོམ་ཐོགས་འབྱུང་ཚུགས་ནི་མས་ཟེར་ཨིན་པས།
དེ་བཟུམ་མའི་ ལས་རིམ་འགོ་བཙུགས་དགོ་མི་དེ་ཡང་ སྡེ་འཛིན་གྱིས་འབད་བ་ཅིན་ དང་པ་སློབ་གྲྭ་གིས་ སྣུམ་འཁོར་འཛིན་སྐྱོང་ཚུ་ ཁོང་ར་གིས་སྦེ་ འཐབ་ནི་ཨིནམ་ལས་ སྦྱོང་བརྡར་ཚུ་དགོཔ་སྦེ་ གྲོས་འདེབས་བཙུགས་པའི་ ཤུལ་ལུ་ ཁོང་གིས་ ངོས་ལེན་འབད་ཡི་ཟེར་ཨིན་པས།
གཉིས་པ་ཟེརཝ་ད་ སྣུམ་འཁོར་བརྡ་སྟོན་སྡེ་ཚན་གྱི་ འགོ་དཔོན་ཚུ་ ས་གནས་ནང་ འགྱོ་མི་དགོ་ནི་ཨིནམ་ལས་ དེ་གིས་སྦེ་ ས་གནས་གཞན་ཁར་ ལས་བྱེདཔ་མ་ལང་པའི་ ས་ཁོངས་ནང་ལས་ཕར་ ལྟ་རྟོག་འབད་བར་ འགྱོ་ཚུགས་པའི་ཁེ་ཕན་དང་ མི་མ་ལང་པའི་དཀའ་ངལ་ཡང་ སེལ་ཚུགས་ནི་མས་ཟེར་ཨིན་པས།
གསུམ་པ་ཟེརཝ་ད་ སློབ་ཕྲུག་ཚུ་གིས་ དེ་སྦེ་འབད་མི་དེ་གིས་ ཁོང་ར་ལུ་ ཡོན་ཏན་གསརཔ་ཨིནམ་མ་ཚད་ སློབ་ཕྲུག་གཞན་ཚུ་ཡང་ ཉེན་སྲུང་དང་ལྡནམ་སྦེ་ འཁོར་ལམ་སྐེདཔ་བཏོག་འགྱོ་ཚུགས་པའི་ ཁེ་ཕན་ཚུ་འདུག་ཟེར་ཨིན་པས།
ཁྲིམས་སྲུང་འགག་པ་གིས་འབད་བ་ཅིན་ སྣུམ་འཁོར་ཚུ་ ཤུགས་ཚད་ལས་བརྒལ་བའི་ཁར་ སློབ་ཕྲུག་ཨ་ལོ་ཚུ་གིས་ སྣུམ་འཁོར་མ་མཐོང་པར་ ལམ་སྐེདཔ་བཏོགས་བའི་སྐབས་ སྣུམ་འཁོར་གྱིས་ ཨ་ལོ་འཐུ་བཀོ་བའི་ གནད་དོན་མང་རབས་ཅིག་ ཐོན་ཡོདཔ་ལས་ དེ་བཟུམ་མའི་ ལས་རིམ་དེ་གིས་ རྐྱེན་ངན་ཚུ་ མར་ཕབ་འབད་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
ཁྲིམས་སྲུང་འགག་སྡེའི་ཁ་ཐུག་ལས་ སྣུམ་འཁོར་བརྡ་སྟོན་འབད་བའི་སྐབས་ལུ་གྱོན་མི་ གྱོན་ཆས་ཚུ་ སློབ་ཕྲུག་ཚུ་ལུ་ བཀྲམ་སྤེལ་འབད་ཡོདཔ་མ་ཚད་ ཌན་ཊག་ལས་འགུལ་ལུ་ ལམ་སྐེདཔ་བཏོག་ནིའི་ ཁྲ་དཀར་ཚུ་ཡང་ བཟོ་དགོ་པའི་་ ཞུ་བ་འབད་དེ་ཡོད་ཟེར་ཨིན་པས།
སློབ་ཕྲུག་ཚུ་གིས་ སྣུམ་འཁོར་བརྡ་སྟོན་གྱི་ འགན་ཁུར་འབག་སྟེ་ བདུན་ཕྲག་༡ དེ་ཅིག་ ལང་ཡོདཔ་ད་ སྡེ་འཛིན་པ་སངས་རྡོ་རྗེ་གིས་ འབད་བ་ཅིན་ ད་ལྟོ་ འགོ་བཙུགསཔ་ཅིག་འབད་ནི་དེ་གིས་ སྣུམ་འཁོར་བརྡ་སྟོན་པ་ཚུ་ སློབ་ཕྲུག་ཚུ་གིས་ ག་དེ་སྦེ་འབད་དོ་ཡོདཔ་ཨིན་ན་ ལྟ་རྟོག་འབད་བར་ བཏང་དོ་ཡོདཔ་ཨིན་རུང་ ཤུལ་ལས་ ཁོང་རང་གིས་སྦེ་ར་ འབད་བཅུག་ནི་ཨིན་ཟེར་ཨིན་པས།
སློབ་གྲྭ་ལྔཔོ་དེ་ཡང་ ལྟག་མཇུག་དང་ ཁང་ཁུ་ འོད་ཟེར་གླིང་ ཝོ་ཆུ་ དེ་ལས་ ལམ་གོང་སློབ་གྲྭ་ཚུ་ཨིན་པས།
དེ་བཟུམ་སྦེ་ ད་རེས་ནངས་པའི་ ན་གཞོན་མང་ཤོས་ཅིག་གིས་ ཀེ་ཧང་ལག་ལེན་འཐབ་དོ་ཡོདཔ་ལས་ ལཱ་ངན་ནང་ བཅའ་མར་གཏོགས་མི་བཅུག་ནིའི་དོན་ལུ་ རྫོང་ཁག་ནང་ ཀེ་ཧང་གི་ར་ཚུ་ འབལ་བཀོ་ནིའི་ལས་རིམ་ཅིག་ འགོ་འདྲེན་འཐབ་ཡོད་མི་དེ་ ལོ་བསྟར་བཞིན་དུ་ འགོ་འདྲེན་འཐབ་ནི་ཨིན་ཟེར་ བཤདཔ་ཨིན་པའི་གནས་ཚུལ།
ཡེ་ཤེས་སྒྲོལ་མ།