ཚོགས་སྡེའི་འདེམས་ངོ་བཙག་འཐུ་དོན་ལུ་ ཚོགས་རྒྱན་བཙུགས་པའི་བསྒང་།

སྤ་རོའི་འདེམས་ངོ་ ཨྱོན་ཚེ་རིང་གིས་ འགྲན་ཟླ་དང་བྲལ་བའི་ རྒྱལ་ཁ་ཐོབ་ཡོདཔ།

༉ ཁ་ཙ་ཕྱི་རུ་ སྤ་རོ་རྫོང་ཁག་གི་ ངོས་ལེན་འགོ་དཔོན་ཚུ་ ཚོགས་རྒྱན་གྱི་གྲུབ་འབྲས་ བསྡུ་ལེན་འབད་མ་ཚརཝ་ལས་ སྐྱེས་ལོ་༤༩ ལང་མི་ ཚོགས་སྡེའི་འདེམས་ངོ་ ཨྱོན་ཚེ་རིང་དེ་ ཁོ་རའི་ རྫོང་ཁག་གི་ ཚོགས་སྡེའི་འཐུས་མི་སྦེ་ བཙག་འཐུ་གྲུབ་ཡོད་པའི་ ཤེས་རྟོགས་བྱུང་ནུག།

ད་རེས་འབདཝ་ད་ སྤ་རོ་ལམ་གོང་གུང་མཇུག་ལས་ ཨྱོན་ཚེ་རིང་གིས་ ཚོགས་སྡེའི་འཐུས་མིའི་དོན་ལུ་ ཐེངས་གསུམ་དོ་འགྲན་འབད་ནུག།

ཚོང་ལས་འཐབ་སྡོད་མི་ ཨྱོན་ཚེ་རིང་གིས་ ཚོགས་རྒྱན་བསྡོམས་༡༠,༩༧༣ ལས་༤,༧༦༣ ཐོབ་སྟེ་ སྤ་རོ་རྫོང་ཁག་ལས་ ཚོགས་སྡེའི་དོ་འགྲན་པ་ འདེམས་ངོ་གཞན་ལྔ་ལས་ འགྲན་ཟླ་དང་ བྲལ་བའི་རྒྱལ་ཁ་ཐོབ་ནུག།

ཁོ་གིས་ འགྲེམ་ཐོག་ཚོགས་རྒྱན་༦༤༦ ཐོབ་མི་དེ་ གཞན་ཚུ་དང་ཕྱདཔ་ད་ མཐོ་ཤོས་ཨིནམ་ད་ ཁོ་གི་ཤུལ་ལས་ར་ འདེམས་ངོ་བསོད་ནམས་བཀྲ་ཤིས་ཀྱིས་ ཚོགས་རྒྱན་༢,༤༩༡ ཐོབ་ཡོད་མི་ལས་༤༥༥ འགྲེམ་ཐོག་ཚོགས་རྒྱན་ཨིན་པས།

དེ་ལས་ ཟླཝ་ཅུང་གིས་ ཚོགས་རྒྱན་༡,༡༠༡ དང་ ཨྱོན་རྡོ་རྗེ་གིས་༩༨༥ དེ་ལས་ བྱང་ཆུབ་རྡོ་རྗེ་དང་ བཙན་སྐྱོགས་རྡོ་རྗེ་གཉིས་ཀྱིས་༩༤༥ དང་༦༨༨ རེ་ཐོབ་ནུག།

ད་རེས་ སྤ་རོའི་མི་སེར་ཚུ་གིས་ ཁོ་ལུ་ ཕྱག་ཞུ་ནིའི་གོ་སྐབས་ ཐད་རི་བ་རི་བྱིན་འོང་ཟེར་ བློ་བདེ་དང་ བག་ཕེབས་ཐོག་སྡོད་ཅི་ཟེར་ ཨྱོན་ཚེ་རིང་གིས་ བཤདཔ་ཨིན་པས།

ཚོགས་རྒྱན་གྲུབ་འབྲས་དེ་ ང་ར་གིས་ མནོ་དོ་བཟུམ་ར་ བྱུང་ཡོདཔ་བཞིན་དུ་ ང་ གོམས་འདྲིས་ལྟ་སྐོར་ལུ་ འགྱོ་བའི་སྐབས་ མི་སེར་ཚུ་གི་ གནས་སྟངས་ཚུ་ ལེགས་ཤོམ་སྦེ་ ཧ་གོ་བ་གིས་མ་ཚད་ ང་ལུ་ ཐད་རི་བ་རི་རྒྱབ་སྐྱོར་འབད་ནི་མས་ཟེར་ ཧ་གོ་ཡི་ཟེར་ བཤདཔ་ཨིན་པས།

མི་སེར་ཚུ་གིས་ ང་ལུ་ བློ་གཏདཔ་བཞིན་དུ་ ང་གིས་ཡང་ རྒྱལ་ཁབ་དང་ མི་སེར་ལུ་ ག་དེ་དྲག་དྲག་ ཕྱག་ཞུགས་ཚུགསཔ་འབད་ནི་ཨིན་ཟེར་ བཙག་འཐུ་གྲུབ་མི་ ཨྱོན་ཚེ་རིང་གིས་ བཤདཔ་ཨིན་པས།

ཚོགས་རྒྱན་སྐྱུར་མི་ཚུ་གིས་ ཀུན་གསལ་ལུ་ བཤད་མིའི་ནང་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མིའི་དོན་ལུ་ ལྕོགས་གྲུབ་དང་ ཉམས་མྱོང་ཡོད་མི་ལུ་ བལྟ་དགོཔ་ཁག་ཆེཝ་བཞིན་དུ་ དེ་དང་འཁྲིལ་ གདམ་ཁ་རྐྱབ་ཅི་ཟེར་ཨིན་པས།

ཚོགས་རྒྱན་སྐྱུར་མིའི་གྲས་ལས་ དང་པ་ཅིག་ཨིན་མི་ དོལཔ་ཤར་རི་ལས་ སྐྱེས་ལོ་༥༦ ལང་མི་ དབང་འདུས་ཀྱིས་ ཚོགས་སྡེའི་འཐུས་མིའི་དོན་ལུ་ ཁྱད་ཚད་དང་ ལྕོགས་གྲུབ་ དེ་ལས་ ཉམས་མྱོང་རཡོད་མི་ལུ་བལྟ་སྟེ་ ཐག་བཅད་ཅི་ཟེར་ཨིན་པས།

དོལཔ་ཤར་རི་ལས་ སྐྱེས་ལོ་༨༥ ལང་མི་ དགའ་སྐྱིད་དེ་ དྲོ་པའི་ཆུ་ཚོད་༨ དེ་ཅིག་ལུ་ ཚོགས་རྒྱན་ས་ཁོངས་ནང་ ལྷོད་ཡོདཔ་ད་ ཚོགས་རྒྱན་བཙུགས་ནི་ལུ་ སག་ལང་སྟེ་ར་ སྡོད་ཅི་ཟེར་ སླབ་ཨིན་པས།

དེ་བཟུམ་སྦེ་ བཙན་ཏོག་ལས་ འབྲུག་རྒྱལ་འབྲིང་རིམ་སློབ་གྲྭ་ཆེ་བའི་ནང་ ཚོགས་རྒྱན་བསྐྱུར་བར་འོང་མི་ སྐྱེས་ལོ་༧༢ ལང་མི་ བཙན་སྐྱོགས་ཀྱིས་ བཤད་མིའི་ནང་ སྤྱི་སྙོམས་འཛོམས་འདུ་དང་ འབྲུག་རྒྱང་བསྒྲགས་ལས་འཛིན་ལས་ དངོས་མཐོང་གི་རྩོད་འགྲན་ རྒྱང་བསྒྲགས་འབད་མི་གིས་ ཁོ་ལུ་ འདེམས་ངོ་གདམ་ཁ་རྐྱབ་ནི་ལུ་ ཕན་ཐོགས་བྱུང་ཡི་ཟེར་ཨིན་པས།

ཁོ་ལུ་ ཚོགས་རྒྱན་བཙུགས་ནིའི་ ཁྱད་ཚད་ལྡན་པའི་ ཨ་ལོ་༡༤ ཡོད་ས་ལས་༡༡ ཁོ་དང་མཉམ་ ཚོགས་རྒྱན་བཙུགས་པར་ འོང་ཡོདཔ་ཨིན་པས།

སྤ་རོ་ངོས་ལེན་འགོ་དཔོན་གྱིས་ འགྲེམ་ཐོག་ཚོགས་རྒྱན་༩༨༣ བསྐྱལ་ཡོདཔ་མ་ཚད་༡,༥༠༩ གིས་ འགྲེམ་ཐོག་རྒྱན་ཤོག་ལྷན་ཐབས་ས་ཁོངས་ལས་ བཙུགས་ནི་གི་ ཐོ་བཀོད་འབད་ཡོདཔ་ད་ ངོས་ལེན་ཡིག་ཚང་ནང་ འགྲེམ་ཐོག་ཚོགས་རྒྱན་ཡོངས་བསྡོམས་༡,༧༦༨ ལྷོདཡོད་མི་ལས་༡༢༨ ཆ་མེད་བཏང་པའི་ཁར་ གཅིག་ནུས་མེད་ཀྱི་གྲངས་སུ་ གསལ་སྟོན་འབད་ནུག།

སྤ་རོ་རྫོང་ཁག་ནང་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་སྐྱུར་མི་བསྡོམས་༡༨,༤༣༣ ཡོད་ས་ལས་༩,༦༤༩ ཨམ་སྲུ་ཨིན་པས།

ནགས་རྒྱ་ལུ་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་སྐྱུར་མི་༢,༧༣༥ ཡོད་མི་དེ་ རྫོང་ཁག་ནང་ གྱངས་ཁ་མཐོ་ཤོས་ཅིག་ཨིནམ་ད་ ཧཱུྂ་རལ་ལུ་ ཚོགས་རྒྱན་སྐྱུར་མི་༧༥༥ ཡོད་མི་དེ་ དམའ་ཤོས་ཨིན་པའི་གནས་ཚུལ།

སྐད་སྒྱུར་- ཀརྨ་བསྟན་འཛིན།

About admin

Check Also

སྲིད་བྱུས་ཀྱིས་ སྒེར་གྱི་ལས་བྱེདཔ་ཚུ་ རྒྱབ་སྐྱོར་འབད་ནི་ལུ་འཐུས་ཤོར།

༉ མི་མང་དང་ ལས་འཛིན་གྱི་ ལས་བྱེདཔ་ཚུ་གི་ དངུལ་ཕོགས་ཡར་སེང་འབད་ཡོདཔ་ཨིན་རུང་ སྒེར་སྡེའི་ནང་ ལཱ་འབད་མི་ལས་བྱེདཔ་ཚུ་ལུ་ དངུལ་ཕོགས་ཡར་སེང་འབད་ནི་ཕར་བཞག་ ཨ་རྟག་གི་ཐོབ་ཚད་ལས་ ཉུང་སུ་སྦེ་ བྱིན་དོ་ཡོདཔ་ཨིན་པས། སྒེར་སྡེའི་བཀོད་ཁྱབ་འགོ་དཔོན་ཚུ་གི་ དངུལ་ཕོགས་དེ་ མི་མང་དང་ ལས་འཛིན་ཚུ་གི་ …

Leave a Reply

Your email address will not be published. Required fields are marked *