ཕུན་ཚོགས་གླིང་གི་ རིན་བསྡུར་ཁང་ནང་ལྷོད་མི་ ཀོ་པི་གི་དོ་ཚུ།

སྤ་རོའི་འདབ་མ་ཀོ༌པི་གི་གོང༌ཚད༌ ལེགས༌ཤོམ༌ཡོདཔ།

༉ དུས་ཅི་ སོ་ནམ་པ་ཚུ་གིས་ ཚོད་བསྲེ་འདབ་མ་ཀོ་པི་གི་ཚོང་འབྲེལ་ ལེགས་ཤོམ་སྦེ་ འཐབ་ཚུགས་དོ་ཡོདཔ་ད་ དེ་ཡང་ ཀོ་པི་གི་སྤུས་ཚད་ལེགས་ཤོམ་ཡོདཔ་མ་ཚད་ ཐོན་སྐྱེད་ཡང་ ལེགས་ཤོམ་ཡོད་མི་ལུ་བརྟེན་ཨིནམ་ད་ ད་ལྟོ་ ཀོ་པི་གི་དོ་ཚུ་ ཕུན་ཚོགས་གླིང་གི་ རིན་བསྡུར་ཁང་ནང་ བཙུགས་པའི་བསྒང་ཡོདཔ་ཨིན་པས།
ཀོ་པི་དེ་ མང་ཤོས་ར་ སྤ་རོ་ལས་ཚུར་ འབག་འོང་དོ་ཡོདཔ་ད་ སོ་ནམ་པ༌ཚུ་གིས་ སླབ་མིའི་ནང་ དུས་ཅི་ ཀོ་པི་གི་གོང་ཚད་ ལེགས་ཤོམ་ཐོབ་ཚུགས་པས་ཟེར་ཨིནམ་ད་ ཁ་ཙ་ཚུན་ ཀོ་པི་ཀེ་ཇི་༣༠ ལུ་ དངུལ་ཀྲམ་༤༥༠ དང་༨༠༠ ཀྱི་བར་ན་ ཐོབ་ཚུགས་དོ་ཡོདཔ་ཨིན་པས།
སྤ་རོ་རྒྱ་བར་ནང་ལས་ སོ་ནམ་པ་ རྒྱབ་ཆུ་གིས་ སླབ་མིའི་ནང་ ཁོ་གིས་ དུས་ཅི་སྤྱི་ཟླ་༥ པ་ལས་ ཀོ་པི་ཚོང་འབྲེལ་འཐབ་ནི་ འགོ་བཙུགས་མི་དེ་གིས་ ད་ཚུན་གྱི་རིང་ སྣུམ་འཁོར་བོ་ལེ་རོ་༢༠ དེ་ཅིག་ བཙོང་ཚུགས་ཅི་ཟེར་ཨིནམ་ད་ དུས་ཅི་ གོང་ཚད་ལེགས་ཤོམ་ཡོདཔ་ལས་ སེམས་དགའ་ཡི་ཟེར་ཨིན་པས།
ཁོ་གིས་ འདབ་མ་ཀི་པི་ཀེ་ཇི་༣༠ དེ་ཅིག་ལུ་ དངུལ་ཀྲམ་༦༠༠ དང་༨༠༠ གི་བར་ན་ ཐོབ་ཡོདཔ་ད་ སོ་ནམ་པ་ཚུ་གིས་ ལོ་གཅིག་ནང་ ཀོ་པི་ཚར༌༢ དེ་རེ་ འཛུགས་སྐྱོང་འབད་དོ་ཡོདཔ་ཨིན་པས།
རྒྱབ་ཆུ་གིས་ ན་ཧིང་ ཀོ་པི་བཙོང་སྟེ་ དངུལ་ཀྲམ་༧༠༠,༠༠༠ དང་༨༠༠,༠༠༠ དེ་ཅིག་ བཟོ་ཚུགས་ཡོདཔ་ད་ དུས་ཅི་ཡང་ དེ་བཟུམ་སྦེ་ར་ འོང་འབབ་བཟོ་ཚུགས་པའི་ རེ་བ་ཡོདཔ་ཨིན་པས།
འབྲུག་བཟའ་སྤྱོད་ལས་འཛིན་གྱི་ འཛིན་སྐྱོང་པ་ ཨྱོན་དཔལ་འབྱོར་གྱིས་ སླབ་མིའི་ནང་ སྤ་རོ་ རྒྱ་བར་ནང་དང་ ཟླ་བ་ཁ་ དེ་ལས་ སྲས་ཕུག་གི་ སོ་ནམ་པ་ཚུ་གིས་ ཀོ་པི་དེ༌ རྒྱ་སྦོམ་སྦེ་ར་ འཛུགས་སྐྱོང་འབདཝ་མས་ཟེར་ཨིན་པས།
དུས་ཅི་ གོང་ཚད་མཐོ་ཤོས་དེ་ར་ ཀོ་པི་ཀེ་ཇི་༤༠ དེ་ཅིག་ལུ་ དངུལ་ཀྲམ་༡,༠༧༠ ཐོབ་ཡོདཔ་ད་ གཡུས་ཚན་གསུམ་གྱི་ སོ་ནམ་པ་ཚུ་གིས་ སྣུམ་འཁོར་ཊཱག་སྦེ་ ཚོང་འབྲེལ་འཐབ་ཚུགས་དོ་ཡོདཔ་ཨིན་པས།
འབྲུག་བཟའ་སྤྱོད་ལས་འཛིན་གྱི་ ཐོ་དང་འཁྲིལ་བ་ཅིན་ དུས་ཅི་ སྤྱི་ཟླ་༥ པ་དང་༦ པའི་ བར་ནང་ར་ ཀོ་པི་མེ་ཊིག་ཊཱོན༌༧༢༡ ཐོན༌སྐྱེད༌འབད༌ཡོདཔ༌ད༌ ན༌ཧིང༌འབད༌བ༌ཅིན༌ མེ་ཊིག་ཊཱོན༌༦༦༧ ཐོན༌སྐྱེད༌འབད༌ཡོདཔ༌ ཨིན༌པའི་གནས༌ཚུལ།

About admin

Check Also

བསླབ་སྟོན་པ་གཞི་བཙུགས་ཐོག་ སྔོན་འགོག་གི་ཐབས་ལམ་བཏོན་དགོཔ།

༉ ཁ་ཙ་ རྒྱལ་ཡོངས་ཚོགས་སྡེའི་ ཚོགས་ཞུགས་སྐབས་ ཤེས་རིག་བློན་པོ་ ཇའེ་བིར་རའེ་གིས་ ཤེས་རིག་བཟའ་ཚང་དེ་ར་ སྦོམ་ཨིན་ནི་དེ་གིས་ བྱ་སྟབས་མ་བདེ་བའི་དཀའ་ངལ་དང་ གདོང་ལེན་ཐོན་རུང་ ན་གཞོན་ཚུ་ མ་འོངས་པའི་བདོག་གཏད་དང་ འགོ་ཁྲིདཔ་ཨིནམ་ལས་ སྔོན་འགོག་ཐབས་ལམ་དང་ ལཱ་ …

Leave a Reply

Your email address will not be published. Required fields are marked *