༉ འབྲུག་དངུལ་ཁང་གི་ མ་དངུལ་རྒྱབ་སྐྱོར་ཐོག་ལས་ ལོ་བསྟར་བཞིན་དུ་ འགོ་འདྲེན་འཐབ་མི་ བྷུ་ཊཱན་པི་རི་མི་ཡར་ཕུཊ༌བཱོལ་ལིག་རྩེད་འགྲན་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་དེ་ སྐོར་ཐེངས་༡ པ་མཇུག་བསྡུ་སྟེ་ སྐོར་ཐེངས་༢ པའི་ནང་ རྩེད་འགྲན་འབད་བའི་བསྒང་ཡོདཔ་ཨིན་པས།
སྡེ་ཚན་ཚུ་གི་བར་ན་ རྩེད་འགྲན་ལན་ཐེངས་༡༢ མཇུག་བསྡུཝ་ད་ སྤ་རོ་ཨེཕ་སི་སྡེ་ཚན་གྱིས་ སྐུགས་༣༢ ཐོབ་སྟེ་ གོ་རིམ་ཨང་དང་པ་དང་ གོ་རིམ་ཨང་༢ པ་དེ་ ཐིམ་ཕུག་སི་ཊི་སྡེ་ཚན་གྱིས་ སྐུགས་༣༠ ཐོབ་སྟེ་ ལྷོད་ཡོདཔ་ཨིན་པས།
གཞན་དལ་གཞི་འབད་བ་ཅིན་ རྩེད་འགྲན་ལན་ཐེངས་༡༡ མཇུག་བསྡུ་བའི་སྐབས་ སྐུགས་༢༩ ཐོབ་སྟེ་ ཐིམ་ཕུག་སི་ཊི་སྡེ་ཚན་གྱིས་ གོ་རིམ་ཨང་༡ པ་སྦེ་ འགོ་ཁྲིད་འབད་ཡོདཔ་ཨིན་པས།
ཨིན་རུང་ སྤྱི་ཟླ་༡༡ པའི་ཚེས་༡༦ ལུ་ སྤ་རོ་ཨེཕ་སི་གིས་ བསྟན་སྲུང་སྡེ་ཚན་ལུ་ གཱོལ་༤ བཙུགས་ཏེ་ རྒྱལ་ཁ་ཐོབ་མི་ལུ་བརྟེན་ སྐུགས་༣༢ ཐོབ་ཡོདཔ་ད་ མ་གཞི་ ཐིམ་ཕུག་སི་ཊི་དང་ སྤ་རོ་ཨེཕ་སི་སྡེ་ཚན་༢ ཀྱི་བར་ན་ སྐུགས་༢༩ འདྲན་འདྲ་ཐོབ་ཡོདཔ་ཨིན་པས།
དེ་འབདཝ་ད་ སྤྱི་ཟླ་༡༡ པའི་ཚེས་༢༤ ལུ་ ཐིམ་ཕུག་སི་ཊི་དང་ ཊཱནསི་པོཊ་ཡུ་ནའེ་ཊེཊ་༢ ཀྱི་བར་ན་ རྩེད་འགྲན་འབད་བའི་སྐབས་ སྡེ་ཚན་༢ ཆ་ར་གིས་ གཱོལ་༣ འདྲན་འདྲ་བཙུགས་ཡོདཔ་ལས་ ཐིམ་ཕུག་སི་ཊི་སྡེ་ཚན་གྱིས་ སྐུགས་༡ ལས་བརྒལ་ ཐོབ་མ་ཚུགསཔ་ཨིན་པས།
དེ་འབད་ནི་འདི་གིས་ ད་རེས་ ཐིམ་ཕུག་སི་ཊི་གིས་ སྐུགས་༣༠ ཐོབ་སྟེ་ཨང་༢ པ་དང་ སྐུགས་༢༨ ཐོབ་མི་ འབྲུག་ལྷ་ཡུལ་གྱིས་ཨང་༣ པ་ཐོན་ཡོདཔ་ལས་ སྡེ་ཚན་༣ གྱི་བར་ན་ དོ་འགྲན་ཅན་ཅིག་སྦེ་ འགྱོ་བའི་བསྒང་ཡོདཔ་ཨིན་པས།
ཊ་ཀིན་སྡེ་ཚན་གྱིས་ རྩེད་འགྲན་ལན་ཐེངས་༡༢ མཇུག་བསྡུཝ་ད་ སྐུགས་༣ ལས་བརྒལ་ཐོབ་མ་ཚུགས་པའི་ཁར་ སྤ་རོ་རིན་སྤུངས་ཀྱིས་ཡང་ སྐུགས་༥ ལས་བརྒལ་ཐོབ་མ་ཚུགས་པས།
ད་རུང་ རྩེད་འགྲན་ལན་ཐེངས་༦ རེ་ འབད་དགོཔ་ཡོད་ནི་དེ་གིས་ འབྲུག་དངུལ་ཁང་གི་ མ་དངུལ་རྒྱབ་སྐྱོར་ཐོག་ལས་ འགོ་འདྲེན་འཐབ་མི་ ཕུཊ༌བཱོལ་ལིག་འགྲན་བསྡུར་ལས་ དྲག་ཤོས་ག་གིས་ འཐོན་ནི་ཨིན་ན་ ཤེས་མི་ཚུགས་ནི་ཨིན་པས།
སྤྱི་ཟྲ་༡༡ པའི་ཚེས་༣༠ ལུ་ ཐིམ་ཕུག་སི་ཊི་གིས་ སྤ་རོ་རིན་སྤུངས་དང་གཅིག་ཁར་ དོ་འགྲན་འབད་ནི་ཨིན་པའི་གནས་ཚུལ།
བཀྲིས་ཕུན་ཚོགས།