སྡེ་ཚན་དྲག་ཤོས་ཐོན་མི་ སྤ་རོ་ཨེཕ་སི།

སྤ་རོ་ཨེཕ་སི་གིས་ སྦྱེལཝ་སྦྱེལ་སར་ སྡེ་ཚན་དྲག་ཤོས་ཚར་༢ ཐོན་ཡོདཔ།

༉ སྤྱི་ལོ་༢༠༢༠ དང་༢༠༢༡ གི་ བྷུ་ཊཱན་ཕུཊ་བཱོལ་པི་རི་མི་ཡར་ལིག་གི་ རྩེད་འགྲན་དྲག་ཤོས་དོན་ལུ་ ཐིམ་ཕུག་སི་ཊི་ཨེཕ་སི་དང་ སྤ་རོ་ཨེཕ་སི་སྡེ་ཚན་༢ ཀྱི་བར་ན་ མཐའ་བཅད་རྩེད་འགྲན་འབདཝ་ད་ སྤ་རོ་ཨེཕ་སི་གིས་ རྒྱལ་ཁ་ཐོབ་ཡོདཔ་ལས་ སྦྱེལཝ་སྦྱེལ་སར་ དྲག་ཤོས་ཐེངས་༢ པ་ཨིན་པས།

སྤྱི་ཟླ་༡༠ པའི་ཚེས་༢ ལུ་ སྤ་རོ་ཨེཕ་སི་སྡེ་ཚན་གྱི་ འུ་ཆུ་ཕུཊ་བཱོལ་རྩེད་ཐང་ནང་སྦེ་ རྩེད་འགྲན་འབདཝ་ད་ སྡེ་ཚན་༢ ཆ་རང་གིས་ གཱོལ་རེ་རེ་ བཙུགས་ཡོདཔ་ལས་ རྒྱལ་ཕམ་ཕྱེ་མ་ཚུགས་རུང་ ཐིམ་ཕུག་སི་ཊི་དང་ཕྱདཔ་ད་ སྤ་རོ་ཨེཕ་སི་ལུ་ སྐུགས་མང་སུ་ ཐོབ་ཡོདཔ་ཨིན་པས།

རྩེད་འགྲན་འགོ་བཙུགས་ཞིནམ་ལས་ མཇུག་མ་བསྡུ་ཚུན་ སྡེ་ཚན་༢ ཀྱི་བར་ན་ རྒྱལ་ཕམ་ཕྱེ་མ་ཚུགསཔ་སྦེ་ ཨང་དང་པ་དང་ གཉིས་པ་འབད་དེ་ར་ འོང་ཡོདཔ་བཞིན་དུ་ མཐའ་བཅད་རྩེད་འགྲན་མ་འབད་བའི་ཧེ་མར་ སྡེ་ཚན་༢ ཀྱི་བར་ན་ སྐུགས་༢ མ་གཏོགས་ ཁྱད་པར་མེདཔ་ཨིན་པས།

གལ་སྲིད་ མཐའ་བཅད་རྩེད་འགྲན་ནང་ ཐིམ་ཕུག་སི་ཊི་གིས་ རྒྱལ་ཁ་འཐོབ་ཚུགས་པ་ཅིན་ རྒྱལ་རྟགས་འཐོབ་ནི་ཨིན་རུང་ སྡེ་ཚན་༢ ཀྱི་བར་ན་ གཱོལ་འདྲན་འདྲ་བཙུགས་ཡོདཔ་ལས་ སྤ་རོ་ཨེཕ་སི་གིས་ རྒྱལ་ཁ་ཐོབ་ཡོདཔ་ཨིན་པས།

རྩེད་འགྲན་འགོ་བཙུགས་ཏེ་ དུས་ཡུན་སྐར་མ་༤༡ ནང་ ཐིམ་ཕུག་སི་ཊི་ལས་ ཟླ་བ་ཚེ་རིང་གིས་ གཱོལ་མ་བཙུགས་ཚུན་ཚོད་ སི་ཊི་སྡེ་ཚན་གྱིས་ སྤ་རོ་སྡེ་ཚན་ཁ་ཐུག་ལུ་ གཱོལ་བཙུགས་ནིའི་ རྩ་འགེངས་རུང་ བྱང་ཕྱད་ཀྱིས་ གོ་སྐབས་བྱིན་མ་བཏུབ།

དེ་འབདཝ་ལས་ སི་ཊི་སྡེ་ཚན་དང་ སྤ་རོ་སྡེ་ཚན་ལུ་ རྒྱབ་སྐྱོར་འབད་མི་ཚུ་གི་མཐོང་སྣང་ལུ་ དུས་ཅི་གི་ རྩེད་འགྲན་དྲག་ཤོས་དེ་ ཐིམ་ཕུག་སི་ཊི་གིས་ འཐོབ་ནི་མས་ཟེར་མནོ་ཡོད་རུང་ བར་མཚམས་ཤུལ་ལས་ དུས་ཡུན་སྐར་མ་༦༡ ནང་ སྤ་རོ་ཨེཕ་སི་གི་ རྩེད་འགྲན་པ་ ཡེ་ཤེས་རྡོ་རྗེ་གིས་ གཱོལ་བཙུགས་ཡི།

སྡེ་ཚན་༢ ཆ་རའི་ཧོངས་ལས་ དོགཔ་དྲེགས་ཏེ་ རྩེད་འགྲན་འབད་ནི་དེ་གིས་ གཱོལ་ཐེབས་ག་གིས་ཡང་ བཙུགས་མ་ཚུགསཔ་ལས་ རྒྱལ་ཕམ་ཕྱེ་མ་ཚུགསཔ་ཨིན་རུང་ སྤ་རོ་སྡེ་ཚན་ལུ་ ཧེ་མ་ལས་ སྐུགས་༤༤ ཡོདཔ་ད་ ཐིམ་ཕུག་སི་ཊི་ལུ་ སྐུགས་༤༢ ལས་བརྒལ་མེདཔ་ཨིན་པས།

དེ་འབདཝ་ལས་ རྒྱལ་ཕམ་ཕྱེ་མ་ཚུགས་པའི་ སྐུགས་རེ་རེ་ཐོབ་མི་དེ་ བསྡོམས་པའི་སྐབས་ སྤ་རོ་སྡེ་ཚན་ལུ་ སྐུགས་༤༥ དང་ སི་ཊི་ལུ་ སྐུགས་༤༣ སྦེ་ རྒྱལ་ཕམ་ཕྱེ་ཡོདཔ་ཨིན་པས།

ལིག་སྐོར་ཐེངས་དང་པའི་ནང་ སི་ཊི་སྡེ་ཚན་གྱིས་ སྐུགས་མངམ་ཐོབ་སྟེ་ ཨང་དང་པའི་ནང་ལྷོད་ཡོད་རུང་ ལིག་སྐོར་ཐེངས་༢ པའི་རྩེད་འགྲན་གྱི་སྐབས་ ཐིམ་ཕུག་སི་ཊི་སྡེ་ཚན་དེ་ བྱང་ཕྱད་སྡེ་ཚན་ཅིག་གིས་ ཕམ་བཏང་ཡོདཔ་ད་ སྤ་རོ་སྡེ་ཚན་གྱིས་ ཐིམ་ཕུག་སི་ཊི་དང་ འབྲུག་ལྷ་ཡུལ་དང་གཅིག་ཁར་ རྒྱལ་ཕམ་ཕྱེ་མ་ཚུགསཔ་མ་གཏོགས་ རྩེད་འགྲན་ག་རའི་ནང་ རྒྱལ་ཁ་ཐོབ་ནུག།

འབྲུག་དངུལ་ཁང་གི་ མ་དངུལ་རྒྱབ་སྐྱོར་ཐོག་ལས་ འགོ་འདྲེན་འཐབ་མི་ བྷུ་ཊཱན་ཕུཊ་བཱོལ་པི་རི་མི་ཡར་ ལིག་རྩེད་འགྲན་ལས་ དྲག་ཤོས་ཨང་དང་པ་ཐོན་མི་ སྤ་རོ་ཨེཕ་སི་ལུ་ དངུལ་རྐྱང་གི་གསོལ་རས་ དངུལ་ཀྲས་ས་ཡ་༢ དང་ ཨང་༢ པ་ཐོན་མི་ ཐིམ་ཕུག་སི་ཊི་ལུ་ དངུལ་ཀྲམ་༨༠༠,༠༠༠ དེ་ལས་ ཨང་༣ པ་ཐོན་མི་ ཊཱནསི་པོཊ་ཡུ་ནའེ་ཊེཊ་ལུ་ དངུལ་ཀྲམ་༤༠༠,༠༠༠ བྱིན་ཡོདཔ་ཨིན་པས།

ལོ་བསྟར་བཞིན་དུ་ ལས་རིམ་འགོ་འདྲེན་འཐབ་མི་ འབྲུག་ཕུཊ༌བཱོལ་ཚོགས་པའི་ གཙོ་འཛིན་ཨྱོན་ཚེ་ཁྱབ་ཀྱིས་ དངུལ་རྐྱང་གི་གསོལ་རས་དང་ རྒྱལ་རྟགས་ ཨང་དང་པ་ཐོན་མི་ རྩེད་འགྲན་པ་དང་ འཛིན་སྐྱོང་པ་ཚུ་ལུ་ གསེར་གྱི་རྟགས་མ་དང་ ཨང་༢ པ་ཐོན་མི་སྡེ་ཚན་ནང་ བཅའ་མར་གཏོགས་མི་ཚུ་ལུ་ དངུལ་གྱི་རྟགས་མ་ དེ་ལས་ ཨང་༣ པ་ལུ་ ཟངས་ཀྱི་རྟགས་མ་ཚུ་ བྱིན་ཡོདཔ་ཨིན་པས།

དེ་བཟུམ་སྦེ་ སྤ་རོ་ཨེཕ་སི་གི་ སློབ་སྟོན་གོངམ་ པུཤ་པ་ལཱལ་ཤར་མ་ལུ་སློབ་སྟོན་དྲག་ཤོས་ཀྱི་ རྟགས་མ་བྱིན་ཡོདཔ་བཞིན་དུ་ སྤ་རོ་ཨེཕ་སི་གི་རྩེད་འགྲན་པ་ ཡེ་ཤེས་རྡོ་རྗེ་ལུ་ གཱོལ་མཐོ་ཤོས་བཙུགས་མིའི་ རྟགས་མ་བྱིན་ཡོདཔ་ཨིན་པས།

འབྲུག་དངུལ་ཁང་གི་ མ་དངུལ་རྒྱབ་སྐྱོར་ཐོག་ལས་ འགོ་འདྲེན་འཐབ་མི་ སྤྱི་ལོ་༢༠༢༠ དང་༢༠༢༡ གི་ བྷུ་ཊཱན་ཕུཊ་བཱོལ་པི་རི་མི་ཡར་ལིག་རྩེད་འགྲན་ནང་ སྡེ་ཚན་༡༠ གྱིས་ བཅའ་མར་གཏོགས་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

ད་རུང་ འབྲུག་མི་ཕུཊ་བཱོལ་རྩེད་འགྲན་པ་ཅིག་གིས་ ཕྱི་ཁའི་སྡེ་ཚན་ནང་གྲལ་གཏོགས།

༉ སྐྱེས་ལོ་༢༣ ལང་མི་ སྐལ་བཟང་གིས་ ད་ལྟོ་ རྒྱ་གར་ལུ་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ ལྡི་ལི་རྐང་རྩེད་ལིག་འགྲན་བསྡུར་༢༠༢༡ ནང་ Garhwal Heroes Football Club ཟེར་ ཕུཊ་བཱོལ་སྡེ་ཚོགས་ …

Leave a Reply

Your email address will not be published. Required fields are marked *