༉ སྤྱི་ཟླ་༡༢ པའི་ཚེས་༣ ལུ་ སྤ་རོ་ ལི་མེ་རི་ཌེན་ཟ་ཁང་ནང་སྦེ་ རྒྱལ་སྤྱི་དབང་པོ་སྐྱོན་ཅན་གྱི་ཉིནམ་ བརྩི་སྲུང་འབད་ནི་ཨིན་པས།
དེ་བསྒང་ སྤ་རོ་ལུ་ཡོད་པའི་ དབང་གསལ་སྤེལ་ཁང་ལས་ སློབ་ཕྲུག་གསལ་དྲགས་༨༦ དང་ སེམས་ཤུགས་ཡོད་མི་ སློབ་དཔོན་ཚུ་གིས་ རང་སོའི་རིག་རྩལ་བཏོན་ཐོག་ལས་ རྒྱལ་སྤྱི་དབང་པོ་སྐྱོན་ཅན་གྱི་ཉིནམ་ བརྩི་སྲུང་འབད་ནི་ཨིན་པས།
ཉིནམ་དེ་གིས་ དམིགས་བསལ་དུ་ དབང་པོ་སྐྱོན་ཅན་ སློབ་ཕྲུག་ཚུ་གིས་ ཁོ་རའི་མི་སྡེ་ནང་བྱུང་མི་རིག་རྩལ་ཚུ་ གསལ་སྟོན་འབད་ནིའི་ གོ་སྐབས་འཐོབ་ནི་ཨིནམ་ད་ རང་སོའི་རིག་རྩལ་བཏོན་ནི་གི་ དབང་ཆ་བྱིན་མི་ལས་སྣ་ལུ་བརྟེན་ དབང་པོ་སྐྱོན་ཅན་ཚུ་ ངོས་འཛིན་འབད་ནི་དང་ བློ་གཏད་དང་སེམས་ཤུགས་བསྐྱེད་ཐབས་ལུ་ ལི་མེ་རི་ཌེན་ཟ་ཁང་གིས་ ལས་རིམ་དེ་ འགོ་འདྲེན་འཐབ་ནི་ཨིན་ཟེར་ བཟའ་ཁང་གི་ གནས་ཚུལ་གསར་བཏོན་ནང་བཀོད་ནུག།
ལས་རིམ་དེ་ནང་ སློབ་ཕྲུག་ཚུ་གིས་ རང་སོའི་རིག་རྩལ་ཐོག་ལས་བཟོ་མི་ ནང་འཁོད་ལག་བཟོ་དང་ རང་ལུགས་ཀྱི་ཤིང་བཟོ་ ཚེམ་བཟོ་ སྤྱ་རྩི་པེམ་འབར་བཟོ་ཐངས་ ལག་གཟེམ་བཟོ་ཐངས་ལ་སོགས་པ་ཚུ་ འགྲེམ་སྟོན་འབད་ནི་ཨིན་པས།
དབང་གསལ་སྤེལ་ཁང་དེ་ དམིགས་བསལ་དུ་ དབང་པོ་སྐྱོན་ཞུགས་མི་ཚུ་གི་དོན་ལུ་ སྤྱི་ལོ་༢༠༠༥ གཞི་བཙུགས་འབད་ཡོདཔ་བཞིན་དུ་ སྤེལ་ཁང་དེ་ནང་ ནང་སྡོད་མཐུན་རྐྱེན་ཡོད་པའི་ཁར་ རྒྱལ་ཁབ་ཀྱི་དོན་ལུ་ སྤེལ་ཁང་དེ་གིས་ བརྡ་སྟོན་ཅིག་ཡང་ བཟོ་སྟེ་ཡོདཔ་ཨིན་པས།
གནས་ཚུལ་གསར་བཏོན་དང་འཁྲིལཝ་ད་ ལས་རིམ་སྐབས་ སློབ་དཔོན་དང་ སློབ་ཕྲུག་ཚུ་གིས་ བརྡ་སྟོན་ཐོག་ལས་ ཉིན་བསྟར་གྲུབ་འབྲས་དང་ གདོང་ལེན་ཚུ་ བརྗེ་སོར་འབད་ནི་ཨིན་ཟེར་ཨིན་པས།
རྒྱལ་སྤྱི་དབང་པོ་སྐྱོན་ཅན་གྱི་ཉིནམ་དེ་ སྤྱི་ལོ་༡༩༩༢ ལས་ཚུར་ ལོ་བསྟར་བཞིན་དུ་ སྤྱི་ཟླ་༡༢ པའི་ཚེས་༣ ལུ་ འཛམ་གླིང་ནང་་ བརྩི་སྲུང་འབད་མི་དེ་ཡང་ དབང་པོ་སྐྱོན་ཅན་ཚུ་གི་ གནད་དོན་ཚུ་གི་སྐོར་ལས་ གོ་བརྡ་གོང་འཕེལ་གཏང་ནི་དང་ དབང་པོ་སྐྱོན་ཅན་ཚུ་གི་ བརྩི་མཐོང་དང་ ཐོབ་དབང་ དེ་ལས་ ཕན་བདེ་ཚུ་གི་དོན་ལུ་ རྒྱབ་སྐྱོར་འཚོལ་ཐབས་ལུ་ཨིན་པས།
དེ་མ་ཚད་ དབང་པོ་སྐྱོན་ཅན་ཚུ་ སྲིད་དོན་དང་ མི་སྡེ་ དཔལ་འབྱོར་ ལམ་སྲོལ་དང་འབྲེལ་བའི་ གནད་དོན་ཆ་མཉམ་ནང་ གཅིག་སྒྲིལ་ཐོག་ལས་ ཁེ་ཕན་འབྱུང་ཚུགསཔ་ བཟོ་ཐབས་ལུ་ཨིན་པས།
ཐིམ་ཕུག་ལུ་ འདོད་འབུམ་ལམ་བདའ་སྟེ་ དབང་པོ་སྐྱོན་ཅན་ཚུ་གི་བར་ན་ རྐང་འཁོར་ འཁོར་ལོ་ཅནམ་གི་ རྒྱུག་འགྲན་འགོ་འདྲེན་འཐབ་ཐོག་ལས་ ཉིནམ་བརྩི་སྲུང་འབད་ནི་ཨིན་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།