སྨན་ཆུ་གི་དོན་ལུ་ རྡོ་བཙོ་བའི་བསྒང་།

སྤ་རོ་ལུ་ ཡོངས་གྲགས་ཅན་གྱི་ བྱ་རྒོད་སྨན་ཆུ།

༉ རྒྱལ་ཁབ་ནང་ རང་བཞིན་གྱི་ཐོན་པའི་ ཚ་ཆུ་དང་ སྨན་ཆུ་ཚུ་ ལོ་ངོ་སྟོང་ཕྲག་ལས་བཅད་དེ་ མི་ཚུ་གིས་ ལག་ལེན་འཐབ་བཞིན་དུ་ཡོདཔ་ད་ འབྲུག་མི་ཚུ་གིས་འབད་རུང་ ཚ་ཆུ་དང་སྨན་ཆུ་དེ་ གཟུགས་ཁམས་འཕྲོད་བསྟེན་དོན་ལུ་ དལ་ཁོམ་ཡོདཔ་ད་ འཕྲལ་འཕྲལ་སྦེ་ར་ སྦང་དོ་ཡོདཔ་ཨིན་པས།

མི་མང་ཤོས་ཅིག་གིས་ ཚ་ཆུ་སྦང་པ་ཅིན་ ནད་གཞི་ལས་དྲག་ནི་དང་ མི་ཚེ་ལེགས་འགྱུར་འགྱོ་དོ་ཡོད་པའི་ གཏམ་རྒྱུད་དང་ ལོ་རྒྱུས་བཤད་པའི་ཁར་ སྤ་རོ་ལུ་ཡོད་པའི་ བྱ་རྒོད་སྨན་ཆུ་དེ་ བྱ་རྒོད་གཤོག་སྒྲོ་ ཆགས་མི་ཅིག་ ནམ་མཁའ་འཕུར་མ་ཚུགས་པར་ སྨན་ཆུ་དེ་ནང་ དུས་དང་དུས་སུ་སྦང་སྟེ་ བདུན་ཕྲག་༡ གྱི་རྒྱབ་ལས་ གཤོག་སྒྲོ་ལེགས་ཤོམ་སྦེ་དྲག་སྟེ་ འཕུར་སོང་ཡི་ཟེར་སླབ་ནི་འདུག།

ད་རེས་ནངས་པར་ རྒྱལ་ཁབ་ཀྱི་ས་གནས་ཚུ་ནང་ལས་ སྨན་ཆུ་སྦང་པར་འོང་དོ་ཡོདཔ་ད་ ཁོང་ཆ་ཁྱབ་ཡང་ དེ་ཁར་འོང་དགོ་པའི་ རྒྱུ་མཚན་དེ་ ཧེ་མའི་ལོ་རྒྱུས་གོ་སྟེ་ཨིན་ཟེར་བཤད་དོ་ཡོདཔ་ད་ སྨན་ཆུ་དེ་གིས་ རྐང་ཚིགས་ ལག་ཚིགས་ བཅགས་དཀྲུམ་སོང་མི་དང་ རུས་ཚིགས་ཀྱི་ནད་ཡོད་མི་ཚུ་ དྲག་ཚུགས་པའི་ ནུས་པ་ཡོདཔ་ཨིན་པས།

སྨན་ཆུ་དེ་ སྤ་རོ་རྫོང་ཁག་ལས་ ལྕེ་ལེ་ལ་ཁ་ཐུག་ལུ་ ཀི་ལོ་མི་ཊར་༡༠ དེ་ཅིག་གི་ས་ཁར་ ས་གནས་བྱིའུ་ཕུག་ཟེར་ས་ལུ་ ཆགས་ཡོདཔ་བཞིན་དུ་ ས་གནས་ནང་སྨན་ཆུ་སྦང་པར་ མི་ལེ་ཤ་འོང་དོ་ཡོད་པའི་ཁར་ ལྷག་པར་དུ་ བདུན་ཕྲག་ངལ་གསོ་དང་ རྒྱལ་ཡོངས་ཀྱི་ ངལ་གསོ་སྐབས་ འུར་བྱེལ་ཅན་ཅིག་སྦེ་ སྡོདཔ་མས་ཟེར་ཨིན་པས།

ཧེ་མ་འབད་བ་ཅིན་ རུས་ཚིགས་དང་ རྐང་ལག་བཅགས་དཀྲུམ་འབད་མིའི་ནདཔ་ཚུ་ སྨན་ཆུ་སྦང་པར་འོངམ་ད་ གནས་སྐབས་ཀྱི་ཁྱིམ་བཟོ་སྟེ་ རྡོ་མེར་བཏང་ནིའི་དོན་ལུ་ ཤིང་ལག་ལེན་འཐབ་ཞིནམ་ལས་ བདུན་ཕྲག་དང་ ཟླཝ་བཅད་དེ་ ཆུ་སྦང་སྡོད་དོ་ཡོདཔ་ཨིན་པས།

ཨིན་རུང་ ས་གནས་ཀྱི་ མི་སྡེ་གིས་ སྤྱི་ལོ་༢༠༡༧ ལས་ སྨན་ཆུ་དེ་གི་ཁེ་ཕན་ ལེན་ནི་འགོ་བཙུགས་ཡོདཔ་ད་ དེ་ཡང་ ཡུ་ཨེན་ཌི་པི་གི་ རྒྱལ་སྤྱི་མཐའ་འཁོར་མཐུན་རྐྱེན་འོག་གི་ གྲོགས་རམ་དང་ རྒྱབ་སྐྱོར་ཐོག་ལས་ སྨན་ཆུ་དེ་ ལེགས་བཅོས་འབད་དེ་ ཉི་དྲོད་ཀྱི་ཆུ་དྲོད་བཏགས་ནི་དང་ ཆུ་དྲོད་བཏགས་ནིའི་ཐབ་ཚུ་བཟོ་ཡོདཔ་ལས་ དེ་གིས་ ཐབ་ཤིང་མར་ཕབ་འབད་ནི་ལུ་ ཕན་ཐོགས་སྦོམ་ར་ བྱུང་ཡོདཔ་ཨིན་པས།

ལས་འགུལ་དེ་གིས་ ས་གནས་ནང་ མགྱོན་ཁྱིམ་དང་ གཟུགས་འཁྱུ་སའི་ཁང་མིག་ གསང་སྤྱོད་ཚུ་ བཟོ་སྐྲུན་འབད་ཡོདཔ་མ་ཚད་ གློག་མེ་ཡང་ མཐུད་སྦྲེལ་འབད་བའི་ཁར་ སྨན་ཆུ་གི་རྫིང་དེ་ཡང་ རཝ་བསྒོར་ཡོདཔ་ལས་ ཕྱག་སྙིགས་འཛིན་སྐྱོང་འབད་ནི་དང་ སའི་མཛེས་བཀོད་ཚུ་ ལེགས་ཤོམ་བཟོ་ཡོདཔ་ཨིན་པས།

མི་སྡེ་ནགས་ཚལ་གྱི་ འཐུས་མི་དང་ ད་ལྟོ་ སྨན་ཆུ་འཛིན་སྐྱོང་འཐབ་མི་ དངོས་གྲུབ་ཚེ་རིང་གིས་ སླབ་མིའི་ནང་ ཉིནམ་༡ དུས་ཡུན་ཆུ་ཚོད་༨ ཀྱི་དོན་ལུ་ ཁང་མིག་༡ དང་ཆུར་སྦང་སའི་ཝ་༡ ལུ འཐུས་དངུལ་ཀྲམ་༡,༥༠༠ རེ་གནས་དོ་ཡོདཔ་ད་ བཟའ་ཚང་༡ གི་མི་༥ དེ་རེ་ ཝ་ཅིག་ནང་ ལག་ལེན་འཐབ་ཆོག་ཟེར་ཨིན་པས།

སྨན་ཆུ་ཁང་དེ་ དྲོ་པ་ཆུ་ཚོད་༨ ལས་ཕྱི་རུ་ཆུ་ཚོད་༥ ཚུན་ ལག་ལེན་འཐབ་ཆོག་ཟེར་ཨིནམ་ད་ ཕྱི་རུ་ཆུ་ཚོད་༥ ལས་ ཕྱི་རུ་ཞག་མ་སྡོད་མི་ཚུ་ལུ་ གོ་སྐབས་བྱིན་དོ་ཡོདཔ་ད་ དེ་ཡང་ དུས་ཡུན་ཚུ་ཚོད་༣ ལུ་ དངུལ་ཀྲམ་༡,༠༠༠ རེ་ཨིན་ཟེར་ཨིན་པས།

སྨན་ཆུ་དེ་ནང་ ཆུ་སྦང་ནིའི་ཝ་༨ དང་ ཁང་མིག་ཚུ་ཡོདཔ་ད་ ཉིན་བསྟར་བཞིན་དུ་ སྨན་ཆུ་སྦང་པར་འོང་མི་ ཉུང་མཐའ་ལས་ མི་༡༥ དེ་རེ་ འོང་དོ་ཡོདཔ་ད་ ཟླ་རིམ་བཞིན་དུ་འོང་འབབ་དངུལ་ཀྲམ་༤,༥༠,༠༠༠ དེ་རེ་ བཟོ་དོ་ཡོདཔ་ཨིན་པས།

དངོས་གྲུབ་ཚེ་རིང་གིས་ སླབ་མིའི་ནང་ ནདཔ་ལ་ལོ་ཅིག་ ཧེ་མ་འོངམ་ད་ ཡར་ལོང་ར་མ་ཚུགསཔ་སྦེ་འོངམ་ཨིན་རུང་ ཉིནམ་དག་པ་ཅིག་སྨན་ཆུ་སྦང་པའི་ཤུལ་ལུ་ ལམ་འགྱོ་ཚུགས་པས་ཟེར་ཨིནམ་ད་ སྤྱིར་བཏང་སྨན་ཆུ་དེ་གི་སྐོར་ལས་ ཁྱབ་བསྒྲགས་མ་འབད་རུང་ སྨན་ཆུ་དེ་ བདག་སྲུང་འབད་མི་ ཆད་ནི་མེད་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ དུས་ནམ་ར་འབད་རུང་ སྨན་ཆུ་དེ་ ཚ་དྲོད་ལྡན་ཏོག་ཏོ་སྦེ་ སྡོད་དོ་ཡོདཔ་ལས་ མི་ཚུ་ རྒྱུན་ཆད་མེད་པར་འོང་པའི་ཁར་ དྲུང་འཚོ་དང་ སྨན་ཁང་གིས་ཡང་ ནདཔ་ཚུ་ སྨན་ཆུ་སྦང་པར་ གཏངམ་མས་ཟེར་ཨིན་པས།

སྨན་ཆུ་སྦང་པར་འོང་མི་མང་ཤོས་ སྣུམ་འཁོར་ཐུག་རྐྱེན་བྱུང་མིའི་ནདཔ་ རྐང་ལག་ཆགས་དཀྲུམ་ཤོར་མི་ཚུ་ འོང་དོ་ཡོདཔ་སྦེ་ཨིན་པས།

སྨན་ཆུ་སྦང་པར་ ཨ་རྟག་ར་འོག་མི་ འཆི་མེད་ཀྱིས་ འབད་བ་ཅིན་ མོ་གི་རྐངམ་ ནདཔ་ཐོན་ཏེ་ སྨན་བཅོས་ག་ཅི་འབད་རུང་ དྲག་མ་ཚུགས་པར་ལུས་ཏེ་ ཤུལ་ལས་ སྨན་ཆུ་དེ་སྦང་ཞིནམ་ལས་ ལམ་འགྱོ་ཚུགསཔ་ སོང་ཡི་ཟེར་ཨིན་པས།

ཧཱ་ལས་ ཁྱུང་བདུད་ཀྱིས་ འབད་བ་ཅིན་ ཁོ་ར་རུས་ཚིགས་ན་སྟེ་ ཡུན་རིངམ་སོང་སྟེ་ སྨན་བཅོས་ག་དེ་སྦེ་ འབད་རུང་དྲག་མ་ཚུགས་མི་དེ་ བྱ་རྒོད་སྨན་ཆུ་བདུན་ཕྲག་༡ གི་རིང་ལུ་ སྦང་པའི་བསྒང་ལས་ ཁོ་དྲག་ཚུགས་ཅི་ཟེར་ཨིན་པས།

བྱ་རྒོད་སྨན་ཆུ་གི་ མི་སྡེ་ལུ་ཁེ་ཕན།

བྱ་རྒོད་སྨན་ཆུ་ཟེར་ མི་སྡེ་ནགས་ཚལ་སྡེ་ཚན་ནང་ ལུང་གཉིས་རྒེད་འོག་གི་ བྱིའུ་དང་ འུ་ཆུ་ལས་ འཐུས་མི་༢༠༨ ཡོདཔ་ཨིན་པས།

སྨན་ཆུ་དེ་ ས་གནས་ཀྱི་ མི་གཅིག་ལུ་སྤྲོད་ཞིནམ་ལས་ ཁོ་གིས་ ལས་བྱེདཔ་དག་པ་ཅིག་བཙུགས་ཏེ་ རྡོ་བཙོ་ནི་ ཝ་ནང་རྡོ་བཙུགས་ནི་ ཕྱི་རུ་ཝ་འཁྱུ་ནི་དང་ གསང་སྤྱོད་རྒྱུན་སྐྱོང་འཐབ་ནི་ ཕྱག་སྙིགས་འཛིན་སྐྱོང་འཐབ་ནི་ དེ་ལས་ ཟ་ཁང་གི་ཞབས་ཏོག་བྱིན་དོ་ཡོདཔ་ཨིན་པས།

དངོས་གྲུབ་ཚེ་རིང་གིས་ སླབ་མིའི་ནང་ ལོ་བསྟར་བཞིན་དུ་ མི་སྡེ་ནགས་ཚལ་སྡེ་ཚན་ལུ་ དངུལ་ཀྲམ་༥,༤༠,༠༠༠ སྤྲོད་དགོཔ་ད་ མ་དངུལ་དེ་ སྨན་ཆུ་ཉམས་བཅོས་འབད་ནི་དང་ ས་གནས་ནང་ ཤིང་བཙུགས་ནིའི་དོན་ལུ་ ལག་ལེན་འཐབ་དོ་ཟེར་ཨིན་པས།

དེ་གིས་མ་དོ་བར་ ས་གནས་ཀྱི་མི་ཚུ་ལུ་ ལཱ་གཡོག་གི་གོ་སྐབས་བྱིན་ཡོདཔ་ད་ ད་རེས་ ན་གཞོན་༧  སྨན་ཆུ་འཛིན་སྐྱོང་འཐབ་ནིའི་ནང་ ལྷན་ཐབས་འབད་དོ་ཡོད་པའི་ཁར་ གནམ་བྱཱར་དང་ དགུན་གྱི་ ངལ་གསོ་སྐབས་ ཉེ་འདབས་ཀྱི་ ན་གཞོན་སློབ་ཕྲུག་ཚུ་གིས་ གནས་སྐབས་ཀྱི་ ལཱ་འབད་བར་འོང་དོ་ཡོདཔ་ཨིན་པས།

དངོས་གྲུབ་ཚེ་རིང་གིས་ འབད་བ་ཅིན་ སྨན་ཆུ་དེ་ ཡུན་བརྟན་འཛིན་སྐྱོང་འཐབ་ནི་དེ་ གཙོ་རིམ་ཅན་ཅིག་ཨིནམ་ད་ མཐའ་འཁོར་གནས་སྟངས་ ཉམས་སྲུང་གི་དོན་ལུ་ མི་སྡེ་ནགས་ཚལ་སྡེ་ཚན་གྱིས་ ས་གནས་ནང་ལས་ཕར་ ཤིང་བརྡབ་ནི་ལས་ལ་སོགས་པ་ཚུ་ བཀག་ཆ་འབད་དེ་ཡོད་ཟེར་བའི་ ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཉིམ་རྡོ་རྗེ།

About admin

Check Also

ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་མེད་པའི་དཀའ་ངལ།

༉ ཀྲོང་གསར་རྫོང་ཁག་ སྟངས་སི་སྦྱིས་རྒེད་འོག་ ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་ ཚངམ་སྦེ་མེདཔ་ལས་ མི་སེར་ཚུ ལཱ་ཁག་རྐྱབ་དོ་ཡོདཔ་ཨིན་པས། དུར་ཁྲོད་ནང་ འཐུང་ཆུ་དང་ གློག་མེ་ གསང་སྤྱོད་ དེ་ལས་ ཐབ་ཚང་ཚུ་མེདཔ་ལས་ …

Leave a Reply

Your email address will not be published. Required fields are marked *