སྤ་རོ་ བཙན་ཏོག་གཡུས་ཚན།

སྤ་རོ་ལུ་ འཕརཝ་ཚུ་གིས་ སྒོ་ནོར་སེམས་ཅན་ཚུ་ལུ་ གནོདཔ་བཀལ་དོ་ཡོད་པའི་གདོང་ལེན།

༉ རྒྱལ་ཁབ་ནང་འཁོད་ཀྱི་ མི་སེར་སོ་ནམ་པའི་ སྒོ་ནོར་སེམས་ཅན་དང་ སོ་ནམ་གྱི་ཐོན་སྐྱེད་ཚུ་ལུ་ རི་དྭགས་སེམས་ཅན་གྱིས་ གནོདཔ་བཀལ་མིའི་དཀའ་ངལ་དེ་ རྒྱ་ཆེཝ་སྦེ་ར་ བྱུང་དོ་ཡོདཔ་ཨིན་པས།

ཧཱ་དང་ སྤ་རོ་གི་ གཡུས་མི་ཚུ་གིས་ གནམ་ནུབ་མོ་ ཤིང་ཐོག་ཨེ་པཱལ་དང་ ཨེ་མ་ཚུ་ རི་དྭགས་སེམས་ཅན་གྱིས་ གནོདཔ་བཀལ་མི་ལས་སྲུང་དོ་ཡོད་རུང་ སྤ་རོ་བཙན་ཏོག་གི་ གཡུས་ཚན་དག་པ་ཅིག་ནང་ འཕྲལ་ཁམས་ཅིག་ཁར་ ནོར་༢༠ དེ་ཅིག་ འཕརཝ་གིས་ བསད་ཡོདཔ་ཨིན་པས།

ས་གནས་ཀྱི་ གཡུས་མི་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ གཡུས་ཚན་ནང་ འཕརཝ་གིས་ གནོདཔ་བཀལ་ཏེ་ ཟླཝ་༡ དེ་ཅིག་ སོང་ཡི་ཟེར་ཨིན་པས།

བཙན་ཏོག་ལས་ཨིན་མི་ སྐལ་བཟང་ཆོས་སྒྲོན་གྱི་ ནོར་༣ ཉིནམ་ཅིག་ལུ་ར་ འཕརཝ་ཚུ་གིས་ བསད་ཡོདཔ་ད་ ནོར་༢ བོའུ་ཅུང་འཚའ་ནི་ཡོད་ཟེར་ཨིནམ་ད་ བདུན་ཕྲག་གཅིག་གི་ཧེ་མར་ཡང་ འཕརཝ་ཁྱུ་ཅིག་ཐོན་ཏེ་ ཁྱིམ་ཚང་གི་ ནོར་དག་པ་ཅིག་ བསད་ད་ཡི་ཟེར་ཨིན་པས།

ལོ་རྒྱུས་དང་འཁྲིལཝ་ད་ གཡུས་མི་ཚུ་གིས་ འཕརཝ་ཚུ་ ས་གནས་བདའ་ནིའི་ དཔའ་བཅམ་ཡོད་རུང་ མཐར་འཁྱོར་འབྱུང་མ་ཚུགསཔ་ལས་ ཁོང་རའི་ནོར་ཚུ་ རི་ཁར་མ་བཏང་པར་ བདག་འཛིན་འཐབ་ བཞག་དོ་ཟེར་ཨིན་པས།

བདུན་ཕྲག་གཅིག་ དེ་ཅིག་གི་ཧེ་མར་ དྲོ་པ་གནམ་མ་ལངམ་ཅིག་ཁར་ འཕརཝ་ཚུ་གིས་ ལེམ་སྤྱི་ཁ་གཡུས་ཚན་གྱི་ ནོར་ཚུ་ལུ་གནོདཔ་བཀལཝ་མ་ཚད་ ཉིན་མའི་ཆུ་ཚོད་༣ དེ་ཅིག་ཁར་ སྐལ་བཟང་ཆོས་སྒྲོན་གྱི་ ནོར་ཚུ་ལུ་ གནོདཔ་བཀལ་བར་འོང་ཡི་ཟེར་ཨིན་པས།

སོ་ནམ་པ་ བཙན་སྐྱོགས་ཀྱིས་ བཤད་མིའི་ནང་ སྒོ་ནོར་སེམས་ཅན་ཚུ་ འཕརཝ་ལས་སྲུང་སྐྱོབས་འབད་ཐབས་ལུ་ སྒོ་ཁར་བདག་འཛིན་འཐབ་བཞག་ནི་དེ་ ལཱ་ཐེབས་ཨིན་མི་དེ་ཡང་ ནོར་སེམས་ཅན་ཚུ་ལུ་ རྩྭ་ཆག་བྱིན་ཏེ་གསོ་ནི་དེ་ ལཱ་ཁག་འདུག་ཟེར་ཨིནམ་ད་ གནམ་དགུན་ལུ་འབད་བ་ཅིན་ རྩྭ་ཆག་ཚུ་ གསོག་འཇོག་འབད་དེ་ བཞགཔ་ཨིན་རུང་ ད་ལྟོའི་གནས་སྐབས་ནང་ འདི་བཟུམ་གྱི་ སྐོར་ཆ་སྒྲིག་སྒྲིགཔ་མེད་ཟེར་ཨིན་པས།

ཁོ་ལུ་ ད་ལྟོ་ནོར་༨ མ་གཏོགས་ལྷག་མཇུག་མེདཔ་ལས་ དྲནམ་བཏོན་ཏེ་ སྡོད་དོ་ཟེར་ཨིནམ་ད་ ས་གནས་ནང་སྡོད་མི་ཚུ་གིས་ ནོར་རྫིཔ་མེད་པར་ ནོར་རྐྱངམ་གཅིག་ རི་ཁར་གཏང་ནི་ལུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས།

གཡུས་མི་ཚུ་གིས་ བཤད་མིའི་ནང་ འབྲེལ་ཡོད་དབང་འཛིན་ཚུ་གིས་ དཀའ་ངལ་དེ་ལུ་ སེལ་ཐབས་ལུ་ ཐབས་བྱུས་གང་མགྱོགས་མ་བཏོན་པ་ཅིན་ སོ་ནམ་པ་ཚུ་ སྒོ་ནོར་སེམས་ཅན་གསོ་ནི་དེ་ བཤོལ་བཞག་དགོཔ་བཟུམ་ འདུག་ཟེར་ཨིན་པས།

སྐལ་བཟང་ཆོས་སྒྲོན་གྱིས་ གནད་དོན་དེ་གི་སྐོར་ལས་ རྒེད་འོག་ཡིག་ཚང་ལུ་ སྙན་ཞུ་འབད་ཡོདཔ་ལས་ མོ་གིས་ འཕརཝ་ཚུ་བདའ་གཏང་ནིའི་ནང་ གྲོགས་རམ་འཐོབ་པའི་ རེ་བ་བསྐྱེད་ཅི་ཟེར་ཨིན་པས།

ཨིན་རུང་ དཀའ་ངལ་དེ་ལུ་ ག་གིས་ཡང་ གྲོགས་རམ་འབད་ནི་མིན་འདུག་ཟེར་ཨིནམ་ད་ རེ་ཚེ་སྐབས་ དབུགས་འགམ་སྟེ་ འཕརཝ་ཚུ་བསད་ནིའི་དོན་ལུ་ དུག་བླུགས་བྱིན་དགོ་ཡང་ མནོཝ་མས་ཟེར་ཨིན་པས།

དེ་འབདཝ་ད་ གཡུས་ཁའི་རོ་ཁྱི་དང་ སེམས་ཅན་ཚུ་གིས་ ཟ་འོང་མནོ་སྟེ་ དུག་མ་བླུགས་ཟེར་ཨིནམ་ད་ རྒེད་འོག་གི་ སྒོ་ནོར་རྒྱ་སྐྱེད་ཡིག་ཚང་ནང་ གཡུས་ཚན་༣ ལས་ དཀའ་ངལ་ཡོད་ལུགས་ཀྱི་ སྙན་ཞུ་ལྷོད་ཡོདཔ་ཨིན་པས།

རྒེད་འོག་སྒོ་ནོར་ རྒྱ་སྐྱེད་འགོ་དཔོན་ བསོད་ནམས་རིན་ཆེན་གྱིས་ བཤད་མིའི་ནང་ གནས་སྡུད་ཚུ་ བསྡུ་སྒྲིག་འབད་དེ་ འབྲེལ་ཡོད་དབང་འཛིན་ཚུ་ལུ་ སྤྲོད་འོང་ཟེར་ཨིན་པས།

འཕརཝ་ཚུ་ ཉམས་སྲུང་གི་ སེམས་ཅན་གྲས་ཁར་ མི་ཚུད་དོ་ཡོདཔ་ལས་ རྒུད་འཐུས་འཐོབ་ནིའི་འོས་འབབ་ ཉུང་སུ་ཅིག་ལས་མེད་རུང་ ད་ལས་ཕར་ གནོདཔ་མི་བཀལ་ནིའི་ཐབས་ལམ་ཚུ་ བཏོན་ཚུགས་ཟེར་ ཁོ་གིས་བཤདཔ་ཨིན་པས།

སྤ་རོའི་མི་ཚུ་གིས་ གནམ་དགུན་ལུ་ གཡག་ཚུ་ཁ་དམའ་ས་ཚུ་ནང་ འབབ་ནིའི་དུས་ཚོད་ ཧ་ལམ་རན་དོ་ཡོདཔ་ལས་ གཡག་རྫིཔ་ཚུ་གིས་ འབད་བ་ཅིན་ འཕརཝ་ཚུ་གིས་ གཡག་ཚུ་ལུ་ཡང་ གནོད་བཀལ་བའི་ ཚ་གྱང་ཡོད་ལུགས་ཚུ་ བཤདཔ་མས་ཟེར་ བསོད་ནམས་རིན་ཆེན་གྱིས་ བཤདཔ་ཨིན་པས།

རྒེད་འོག་སྒོ་ནོར་ཡིག་ཚང་གི་ གནས་སྡུད་དང་འཁྲིལཝ་ད་ འདས་པའི་ལོ་ཚུ་ནང་ཡང་ རི་དྭགས་སེམས་ཅན་ཚུ་གིས་ གནོདཔ་བཀལ་བའི་ གནས་ཐོ་འདུག་ཟེར་ཨིན་རུང་ དུས་ཅི་དེ་ མང་སུ་སྦེ་ ཐོན་ནུག་ཟེར་ཨིན་པས།

ཁོ་གིས་བཤད་མིའི་ནང་ ཤ་ཚུ་ཟ་ནི་ལུ་ ཉེན་ཁ་ཡོདཔ་ལས་ རྒེད་འོག་ཡིག་ཚང་དང་གཅིག་ཁར་ ཐོ་བཀོད་འབད་ཡོད་མི་ སེམས་ཅན་ཚུ་ ཟ་མ་བཅུག་ཟེར་ཨིན་པས།

གནད་དོན་དེ་ འབྲེལ་ཡོད་ལས་སྡེ་ཚུ་ལུ་ སྙན་ཞུ་འབད་ནི་མ་གཏོགས་ རྒེད་འོག་སྒོ་ནོར་ཡིག་ཚང་གིས་ འབད་ཐབས་ག་ནི་ཡང་མེདཔ་ལས་ རྒུད་འཐུས་དོན་ལུ་ འཆར་དངུལ་ཡང་ བཞག་བཞགཔ་མེད་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

About admin

Check Also

དྲིན་ཅན་ཕམ་ལུ་ དྲིན་ལན་འཇལ་དགོ་པའི་རྒྱབ་ཁུངས་དང་ དྲིན་ལན་འཇལ་ནིའི་ཐབས་ལམ།

༉ རང་ཟླ་༩ པའི་ཚེས་༢༢ ལུ་ ལྷ་བབས་དུས་ཆེན་གྱི་ཉིནམ་འདི་ དྲིན་ཅན་ཕ་མའི་ཉིནམ་སྦེ་ བརྩི་སྲུང་ཞུཝ་ཨིན།  དེ་སྦེ་བརྩི་སྲུང་འབད་དགོ་པའི་ དམིགས་ཡུལ་གཙོ་བོ་ར་ དྲིན་ཅན་ཕམ་ལུ་ དྲིན་ལན་འཇལ་དགོཔ་ ཁག་ཆེཝ་ཨིནམ་ ཤེས་ནིའི་དོན་ལུ་ཨིན། ཕམ་ཚུ་ལུ་ དྲིན་ལན་འཇལ་དགོ་པའི་ཁུངས་ …

Leave a Reply

Your email address will not be published. Required fields are marked *