༉ ཁ་ཙ་ སྤ་རོ་ལུ་ མི་༢༠༠ ལྷགཔ་ཅིག་ལུ་ དམར་ཅནམ་རུ་བེ་ལ་གི་ སྨན་ཁབ་བཙུགས་ཡོདཔ་ད་ སྨན་བཙུགས་ལས་རིམ་དེ་ སྤ་རོ་ཤུ་མོ་ལུ་ཡོད་པའི་ ནགས་སེལ་ཟ་ཁང་དང་ སྨོན་ལམ་ཆེན་མོའི་ཐང་ནང་སྦེ་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་པས།
དེ་ཡང་ གསོ་བའི་ལྷན་ཁག་གི་ བཀའ་རྒྱ་དང་འཁྲིལ་ སྤ་རོ་རྫོང་ཁག་གསོ་བའི་ལས་ཚན་གྱིས་ སྤྱི་ཟླ་༤ པའི་ཚེས་༩ ལས་༡༣ ཚུན་ ངོས་འཛིན་འབད་དེ་ཡོད་པའི་ ས་ཁོངས་ཚུ་ནང་ དམར་ཅནམ་གི་ ནད་བཀག་སྨན་ཁབ་ལས་རིམ་ཚུ་ འགོ་འདྲེན་འཐབ་ནི་ཨིནམ་ད་ སྨོན་ལམ་ཆེན་མོའི་ཐང་དེ་ སྤྱི་ཚེས་༡༣ ཚུན་ སྨན་ཁབ་བཙུགས་སའི་ ས་ཁོངས་སྦེ་ ལུས་ནི་ཨིན་པས།
སྤྱི་ཟླ་༤ པའི་ཚེས་༧ ལུ་ སྤ་རོ་རྫོང་ཁག་གིས་བྱིན་མི་ གསལ་བསྒྲགས་ནང་ བཀོད་དོ་བཟུམ་འབད་བ་ཅིན་ སྨན་ཁབ་ཀྱི་ ལས་རིམ་འགོ་འདྲེན་འཐབ་མི་དེ་ཡང་ སྤ་རོ་སྨན་ཁང་ནང་ འཕྲལ་འཕྲལ་ར་ དམར་ཅནམ་གི་གནད་དོན་ཚུ་ ལྷོད་དོ་ཡོད་མི་ལུ་བརྟེན་ ཨིན་ཟེར་ཨིན་པས།
གསོ་བའི་འགོ་དཔོན་ཅིག་གིས་ སླབ་མིའི་ནང་ སྤྱི་ལོ་༢༠༢༠ འི་ ལུང་ཕྱོགས་ཀྱི་དམིགས་གཏད་དེ་ ཧེ་མ་ལས་ སྤྱི་ལོ་༢༠༡༨ ལུ་ར་ འབྲུག་གིས་ དམར་ཅནམ་རྩ་མེད་བཏང་བའི་ཤུལ་ལས་ ད་རུང་ དམར་ཅནམ་གི་ གནད་དོན་༢ སྤ་རོ་སྨན་ཁང་ནང་ སྙན་ཞུ་ལྷོད་ནུག་ཟེར་ཨིན་པས།
འགོ་དཔོན་གྱིས་ སླབ་མིའི་ནང་ འབྲུག་འདི་ དམར་ཅནམ་རྩ་མེད་གཏང་ནིའི་གུ་ ལྷོད་ཡོདཔ་བཞིན་དུ་ དམར་ཅནམ་གི་ གནད་དོན་༡ ཐོན་རུང་ ནད་གཞི་ཡོད་པའི་གྲངས་སུ་ བརྩི་ནི་ཨིནམ་ལས་ ད་ལྟོ་ སྔོན་འགོག་གི་ ཐབས་ལམ་ཚུ་ བཏོན་དོ་ཟེར་ཨིནམ་ད་ དམར་ཅནམ་ལུ་བརྟེན་ ཤི་ནིའི་ཉེན་ཁ་ དེ་ཅིག་མེད་རུང་ འབུ་ཉེན་ཅན་གྱི་ ནད་གཞི་ཅིག་ ཨིན་ཟེར་ཨིན་པས།
ཟླཝ་༡ གི་ནང་འཁོད་ལུ་ དམར་ཅནམ་རུ་བེ་ལའི་ སྨན་ཁབ་བཙུགས་ཡོད་མི་ཚུ་ མ་བརྩིས་པར་ ན་ཧིང་གི་ དམར་ཅནམ་གི་ལྷན་ཐབས་ ནད་བཀག་སྨན་ཁབ་ལས་རིམ་སྐབས་ སྨན་ཁབ་བཙུགས་ཡོད་མི་ ཨམ་སྲུ་ཨ་ལོ་སྐྱེ་ནི་ཡོད་མི་དང་སློབ་ཕྲུག་ དེ་ལས་ སྐྱེས་ལོ་༩ དང་༤༠ གི་བར་ན་འབད་མི་ ག་ར་ལུ་ དམར་ཅནམ་རུ་བེ་ལའི་ སྨན་ཁབ་བཙུགས་ནི་ཨིན་པས།
འགོ་དཔོན་གྱིས་ སླབ་མིའི་ནང་ ངོས་འཛིན་འབད་ཡོད་པའི་ ས་ཁོངས་ཀྱི་ མི་ག་ར་ལུ་ ཚོགས་པ་དང་ སྤྱི་དཔོན་བརྒྱུད་དེ་ བརྡ་དོན་སྤྲོད་ཅི་ཟེར་ཨིནམ་ད་ འགོ་དཔོན་ཚུ་གིས་ ཁོང་དང་གཅིག་ཁར་འཕྱད་དེ་ བརྡ་དོན་སྤེལ་དགོཔ་སྦེ་ སླབ་ཅི་ཟེར་ཨིནམ་ད་ སྤ་རོ་ཁྲོམ་དང་ ཉ་མེད་ཟམ་དང་ གྱེདཔ་སྟོད་ དེ་ལས་ ཤུ་མོ་ལུ་སྡོད་མི་ཚུ་ལུ་ཡང་ སྨན་ཁབ་བཙུགས་པར་ འོང་དགོཔ་སྦེ་ སླབ་ཅི་ཟེར་ ཨིན་པའི་གནས་ཚུལ།
སྐལ་བཟང་དབང་ཕྱུག།