ལམ་གོང་རྒེད་འོག་གི་ མི་སེར་ཚུ་གིས་ ཚོགས་རྒྱན་བཙུགས་པའི་བསྒང་།

སྤ་རོ་ལས་གདམ་ངོ་༦ གིས་ ཚོགས་སྡེའི་བཙག་འཐུ་ནང་ དོ་འགྲན་འབད་ནི།

༉ སྤྱི་ཟླ་༣ པའི་ཚེས་༡༢ ལུ་ སྤ་རོ་ཁྲོམ་གྱི་ གདམ་ངོའི་འཛོམས་འདུ་ འགོ་འདྲེན་འཐབ་པའི་སྐབས་ ཚོགས་རྒྱན་བཙུགས་པར་འོང་མི་༢༢ ཀྱིས་ ཁྲོམ་ནང་ལས་ དོ་འགྲན་འབད་མི་མེད་པའི་ མིང་རྟགས་བཀོད་ཐོག་ལས་ སྤ་རོ་རྫོང་ཁག་གི་ གདམ་ངོའི་འཛོམས་འདུ་ མཇུག་བསྡུ་ཡོདཔ་ཨིན་པས།
རྫོང་ཁག་ཁྲོམ་སྡེ་ནང་ འོས་འབབ་དང་ལྡན་པའི་ ཚོགས་རྒྱན་བཙུགས་མི་༢༢༢ ཀྱིས་ ཐོ་བཀོད་འབད་ཡོདཔ་ད་ རྫོང་ཁག་ནང་ དོ་འགྲན་འབད་མི་ འདེམས་ངོ་༨ ཡོད་མིའི་གྲས་ལས་༦ འཛོམས་འདུ་ཚུ་ལས་ གདམ་འཐུ་གྲུབ་ཡོདཔ་ཨིན་པས།
སྤྱི་ཟླ་༣ པའི་ཚེས་༤ ལུ་ དོལ་སྟེང་རྒེད་འོག་གི་ འཛོམས་འདུ་སྐབས་ སྐྱེས་ལོ་༣༠ ལང་མི་ ཟླཝ་ཅུ་གིས་ ཚོགས་རྒྱན་༣༣༡ ཐོབ་སྟེ་ གདམ་འཐུ་གྲུབ་ཡོདཔ་ད་ ཁོ་དང་གཅིག་ཁར་ དོ་འགྲན་འབད་མི་ སྐྱེས་ལོ་༤༢ ལང་མི་ རྟ་མགྲིན་དབང་འདུས་ཀྱིས་ ཚོགས་རྒྱན་༢༤༠ ལས་བརྒལ་མ་ཐོབ་ལས་ གདམ་འཐུ་འབད་མ་ཚུགསཔ་བཞིན་དུ་ རྒེད་འོག་དེ་ནང་ ཐོ་བཀོད་ཅན་གྱི་ འོས་ལྡན་གྱི་ ཚོགས་རྒྱན་བཙུགས་མི་༨༠༡ ཡོདཔ་ཨིན་པས།
འཕྲུལ་རིག་བཟོ་རིག་ནང་ མཐོ་རིམ་ཤེས་ཚད་ཡོད་མི་ སྐྱེས་ལོ་༢༨ ལང་མི་ བསོད་ནམས་བཀྲིས་དེ་ བཙན་ཏོག་རྒེད་འོག་གི་ འཛོམས་འདུ་སྐབས་ ཚོགས་རྒྱན་༦༠༣ ཐོབ་སྟེ་ གདམ་འཐུ་འབད་ཡོདཔ་བཞིན་དུ་ ཁོ་གི་བྱང་ཕྱད་ ཚོང་པ་ཅིག་ཨིན་མི་ སྐྱེས་ལོ་༣༤ ལང་མི་ ཀུན་བཟང་རྡོ་རྗེ་གིས་ ཚོགས་རྒྱན་༥༣༦ ལས་བརྒལ་ ཐོབ་མ་ཚུགསཔ་ཨིན་པས།
བཙན་ཏོག་རྒེད་འོག་ནང་ ཐོ་བཀོད་ཅན་གྱི་ འོས་ལྡན་གྱི་ ཚོགས་རྒྱན་བཙུགས་མི་༢,༡༣༧ ཡོདཔ་བཞིན་དུ་ འཛོམས་འདུའི་སྐབས་ ཚོགས་རྒྱན་བཙུགས་མི་ བརྒྱ་ཆ་༥༣ དེ་ཅིག་ འོང་ཡོདཔ་ཨིན་པས།
སྤྱི་ཟླ་༣ པའི་ཚེས་༦ ལུ་ ཝང་ཅང་རྒེད་འོག་གི་ འཛོམས་འདུའི་སྐབས་ དོ་འགྲན་འབད་མི་ གཞན་མེདཔ་ལས་ སྐྱེས་ལོ་༣༩ ལང་མི་ ཨྱོན་རྡོ་རྗེ་གིས་ དགོ་ཟེར་བའི་ཚོགས་རྒྱན་༢༩༠ དང་ མི་དགོའི་ཚོགས་རྒྱན་༡༨ ཐོབ་སྟེ་ གདམ་འཐུ་འབད་ཡོདཔ་ད་ རྒེད་འོག་ནང་ ཐོ་བཀོད་ཅན་གྱི་ ཚོགས་རྒྱན་བཙུགས་མི་༢,༢༢༡ ཡོད་མི་ལས་༣༠༨ ཀྱིས་ ཚོགས་རྒྱན་བཙུགས་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ལམ་གོང་རྒེད་འོག་ལས་ ཨྱོན་ཚེ་རིང་དང་ ཤར་པ་རྒེད་འོག་ལས་ བཙན་སྐྱོགས་རྡོ་རྗེ་ ལུང་གཉིས་རྒེད་འོག་ལས་ བྱང་ཆུབ་རྡོ་རྗེ་ཚུ་ གདམ་འཐུ་འབད་ཡོདཔ་བཞིན་དུ་ དོལཔ་ཤར་རི་དང་ ནགས་རྒྱ་ དེ་ལས་ རྡོ་དཀར་ ཧཱུྃ་རལ་རྒེད་འོག་ཚུ་ལས་ དོ་འགྲན་འབད་མི་ མེདཔ་ཨིན་པས།
སྤ་རོ་རྫོང་ཁག་ནང་ འོས་ལྡན་གྱི་ ཚོགས་རྒྱན་བཙུགས་མི་བསྡོམས་༡༨,༤༢༦ ཐོ་བཀོད་འབད་ཡོད་རུང་ རྫོང་ཁག་བཙག་འཐུ་འགོ་དཔོན་དང་འཁྲིལཝ་ད་ འོས་ལྡན་གྱི་ ཚོགས་རྒྱན་བཙུགས་མི་ཚུ་གིས་ སྤྱི་ཟླ་༣ པའི་ཚེས་༢༡ ཚུན་ ཐོ་བཀོད་འབད་ཆོག་ནི་ཨིནམ་ལས་ བསྒྱུར་བཅོས་འོང་སྲིད་ཟེར་ཨིན་པས།
སྤ་རོ་རྫོང་ཁག་གི་ འཛོམས་འདུ་དེ་ སྤྱི་ཟླ་༢ པའི་ཚེས་༢༧ ལས་ ལམ་གོང་རྒེད་འོག་ནང་ འགོ་བཙུགས་ཡོད་པའི་གནས་ཚུལ།

སྐད་སྒྱུར་ སྐལ་བཟང་དབང་ཕྱུག།

 

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *