༉ སྤ་རོ་རྫོང་ཁག་ནང་ སྒོ་ནོར་སེམས་ཅན་ཚུ་ལུ་ ཁ་ཚ་རྐང་ནད་ཐོན་ཏེ་ ཟླཝ་ལང་ཡོད་རུང་ ད་ལྟོའི་བར་ན་ཡང་ ནད་གཞི་ཐོབ་པའི་སྙན་ཞུ་ཚུ་ འཕྲོ་མཐུད་དེ་ར་ ལྷོད་དོ་ཡོདཔ་ཨིན་པས།ནད་གཞི་དེ་ སྤྱི་ཟླ་༦ པའི་ཚེས་༦ ལུ་ འགོ་དང་པ་ བཙན་ཏོག་སྤྱི་འོག་ནང་ལས་ ཐོན་པའི་ཤུལ་ལུ་ བཙན་ཏོག་དང་ ལམ་གོང་ རྡོཔ་ཤར་རི་ དེ་ལས་ ཧཱུྂ་རལ་རྒེད་འོག་ཚུ་ནང་ དར་ཁྱབ་སོང་སྟེ་ཡོདཔ་ད་ ཁ་ཙ་ཡང་ རྫོང་ཁག་སྒོ་ནོར་སྡེ་ཚན་གྱིས་ བཙན་ཏོག་རྒེད་འོག་ནང་ ནོར་༣ ལུ་ ཁ་ཚ་རྐང་ནད་ཐོབ་ཡོད་པའི་ སྙན་ཞུ་ཐོབ་ཡོདཔ་ཨིན་པས།རྫོང་ཁག་གི་ སྙན་ཞུ་དང་འཁྲིལཝ་ད་ རྒེད་འོག་༤ གི་ ཁྱིམ་གུང་པ་༣༦ ནང་ ནོར་༡༤༥ དེ་ཅིག་ལུ་ ཁ་ཚ་རྐང་ནད་ཐོབ་སྟེ་ཡོདཔ་ད་ ད་ཚུན་ བོའུ་ཅུང་༢ དང་ ནོར་སྦོམ་༦ ལུ་ ཤི་རྐྱེན་བྱུང་ནུག།ནད་གཞི་དེ་གིས་ བོའུ་ཅུང་ཚུ་ གཟུགས་ཀྱི་སྟོབས་ཤུགས་ ཉམས་བཅུགཔ་ལས་ ཤི་རྐྱེན་བྱུང་དོ་ཡོདཔ་ད་ ད་ལྟོ་བཟུམ་འབད་བ་ཅིན་ རྫོང་ཁག་གི་ རྒེད་འོག་གཞན་༦ ནང་ ཁ་ཚ་རྐང་ནད་ཀྱི་ ཁྱབ་སྤེལ་མེདཔ་ཨིན་པས།རྫོང་ཁག་སྒོ་ནོར་འགོ་དཔོན་ ཌོག་ཊར་ བཅོ་ལྔ་ཚེ་རིང་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཁ་ཚ་རྐང་ནད་ཐོན་སའི་ རྒེད་འོག་ཚུ་ནང་གི་ སོ་ནམ་པ་ཚུ་གིས་ སྒོ་ནོར་གྱི་ཐོན་སྐྱེད་ཚུ་ ཚོང་འབྲེལ་འཐབ་མ་ཚུགས་པའི་ དཀའ་ངལ་སྦོམ་བྱུང་ཡོདཔ་མ་ཚད་ ཐོན་ཁུངས་ལས་བརྟེན་ཐོབ་མི་ དངུལ་གྱི་འོང་འབབ་ལུ་ཡང་ ཐོ་སྦོམ་སྦེ་ར་ ཕོག་ནུག་ཟེར་ཨིན་པས།ནད་གཞི་ཁྱབ་སྤེལ་སོང་མི་ རྒེད་འོག་ཚུ་གིས་ ཐིམ་ཕུག་ལུ་ སྒོ་ནོར་གྱི་ཐོན་སྐྱེད་ ཨོམ་དང་མར་ དར་ཚིལ་ཚུ་ ཉིན་བསྟར་བཞིན་དུ་ བཀྲམ་སྤེལ་འབད་དོ་ཡོདཔ་ད་ ཨོམ་གྱི་ཐད་ཁར་འབད་བ་ཅིན་ ཉིནམ་རེ་ལུ་ ལི་ཊར་༢,༠༠༠ དེ་ཅིག་ བཀྲམ་སྤེལ་འབད་དོ་ཡོདཔ་ཨིན་པས།ཨིན་རུང་ ནད་གཞི་དེ་ རྒེད་འོག་གཞན་ཚུ་ནང་ ཁྱབ་སྤེལ་འགྱོ་ནི་ལས་ བཀག་ཐབས་འབད་ནི་ལུ་ རྫོང་ཁག་སྒོ་ནོར་སྡེ་ཚན་གྱིས་ ཆུ་འཛོམས་དང་ དགུང་ཉི་རྩ་བ་ དེ་ལས་ ཅེ་ལི་ལའི་ ས་ཁོངས་ཚུ་ནང་ སྒོ་ནོར་སྨན་པ་ཚུ་གིས་ སྒོ་ནོར་སེམས་ཅན་ཚུ་ལུ་ སྨན་ཁབ་བཙུགས་ནིའི་ ལས་རིམ་ཡང་ འགོ་བཙུགས་ཏེ་ཡོད་ཟེར་ཨིན་པས།ཁ་ཙ་ལས་ འགོ་བཙུགས་ཏེ་ རྒེད་འོག་དེ་ཚུའི་ནང་ལས་ཐོན་མི་ སྒོ་ནོར་གྱི་ཐོན་སྐྱེད་ཚུ་ ཚོང་སྒྱུར་འཐབ་ནི་ལས་ བཀག་ཆ་འབད་ཡོད་རུང་ ཁོང་ར་ སྤྱོད་ནིའི་དོན་ལུ་ ཨོམ་བསྐོལ་ཏེ་ འཐུང་དགོཔ་སྦེ་ སླབ་ཡོདཔ་ཨིན་པས།ཌོག་ཊར་གྱིས་ སླབ་མིའི་ནང་ བཀག་དམ་དེ་ བདུན་ཕྲག་༣ དེ་ཅིག་ བཞག་ནི་ཨིན་རུང་ ནད་གཞི་དེ་ སེམས་ཅན་ལུ་ཐོབ་མི་ནད་ཅིག་ཨིནམ་ལས་ མི་ལུ་འཐོབ་ནིའི་ཉེན་ཁ་ དེ་ཅིག་མེད་ཟེར་ཨིན་པས།ནད་གཞི་དེ་ བཀག་ཐབས་འབད་ནི་ལུ་ འབྲུག་བཟའ་ཆས་དང་ཁྲིམས་དོན་དབང་འཛིན་གྱིས་ཡང་ གནོད་ཉེན་འབྱུང་སའི་ ས་ཁོངས་ཚུ་ནང་སོང་སྟེ་ རྫོང་ཁག་སྒོ་ནོར་སྡེ་ཚན་དང་གཅིག་ཁར་ མི་མང་ལུ་ གོ་བརྡ་ཚུ་ སྤྲོད་དོ་ཡོདཔ་མ་ཚད་ སྨན་ཚུ་གཏོར་ཏེ་ སྒོ་ནོར་གྱི་ཐོན་སྐྱེད་དང་ སྒོ་ནོར་སེམས་ཅན་གྱི་རིགས་ཚུ་ རྫོང་ཁག་ནང་འོང་མི་དང་ རྫོང་ཁག་ནང་ལས་ ཕྱི་ཁར་འབག་མ་འབག་ཚུ་ ལྟ་རྟོག་འབད་དོ་ཟེར་ དབང་འཛིན་གྱི་ ཌོག་ཊར་ ཀུན་ལེགས་དཔལ་འབྱོར་གྱིས་ བཤད་ཅི།ད་ཚུན་ ནད་གཞི་དེ་གིས་ ནོར་ཚུ་ལུ་རྐྱངམ་གཅིག་མ་གཏོགས་ སེམས་ཅན་གཞན་ཚུ་ལུ་ ཁྱབ་སྤེལ་འབད་བའི་ ལོ་རྒྱུས་མེདཔ་ཨིན་པས།ཁ་ཚ་རྐང་ནད་དེ་ མང་ཤོས་ར་ སྒོ་ནོར་སེམས་ཅན་ དཔེ་འབད་བ་ཅིན་ ནོར་དང་ཕགཔ་ ལུག་དང་ར་ལ་སོགས་པ་ཚུ་ལུ་ ཐོབ་དོ་ཡོདཔ་ད་ ནད་གཞི་དེ་གིས་ ཁ་ནང་ རྨ་ཐོན་ཏེ་ རྩྭ་ཟ་མི་ཚུགས་དོ་ཡོདཔ་ཨིན་པས།ཌོག་ཊར་ ཀུན་ལེགས་དཔལ་འབྱོར་གྱིས་ བཤད་མིའི་ནང་ ཁོང་གིས་ རྫོང་ཁག་སྒོ་ནོར་ལས་ཁུངས་དང་ མཉམ་འབྲེལ་ཐོག་ལས་ མི་མང་ལུ་ གོ་བརྡ་ཚུ་སྤྲོད་དོ་ཡོདཔ་མ་ཚད་ གཡུས་ཁར་སྡོད་མི་ཚུ་ལུ་ ཁ་ཚ་རྐང་ནད་དང་འབྲེལ་བའི་ ཁྲིམས་ལུགས་ཚུ་གི་སྐོར་ལས་ཡང་ གོ་བརྡ་ཚུ་ བཤད་བྱིན་དོ་ཟེར་ ཨིན་པའི་གནས་ཚུལ།
བཀྲིས་བསྟན་འཛིན།བཀྲིས་བསྟན་འཛིན།