༉ སྤྱི་ཟླ་༣ པའི་ཚེས་༢ ཚུན་ སྤ་རོ་རྫོང་ཁག་ནང་ འདེམས་ངོ་༣ གྱིས་ འགོ་ཐོག་གི་གདམ་འཐུ་ནང་ མཐར་འཁྱོལ་བྱུང་ཡོདཔ་ཨིན་པས།
དེ་ཡང་ སྤྱི་ཟླ་༢ པའི་ཚེས་༢༧ ལུ་ སྤ་རོ་གི་ གདམ་ངོའི་འཛོམས་འདུ་ དང་པ་དེ་ ལམ་གོང་རྒེད་འོག་ནང་ འགོ་འདྲེན་འཐབ་པའི་སྐབས་ སྐྱེས་ལོ་༤༩ ལང་མི་ ཨོ་རྒྱན་ཚེ་རིང་གིས་ ཚོགས་རྒྱན་དགོ་༢༩༣ དང་ མི་དགོ་༣༥ ཐོབ་སྟེ་ གདམ་འཐུ་གྲུབ་ནུག།
རྒེད་འོག་ནང་ ཚོགས་རྒྱན་བཙུགས་མི་ཡོངས་བསྡོམས་༢,༡༩༧ ཡོད་ས་ལས་ གདམ་ངོའི་འཛོམས་འདུ་ནང་ མི་༥༠༣ གྱིས་ ཚོགས་རྒྱན་བཙུགས་པར་ འོང་མི་ཚུའི་གྲས་ལས་ ཨམ་སྲུ་༢༩༣ ཡོདཔ་ཨིན་པས།
ཤར་པ་རྒེད་འོག་གིས་འབད་བ་ཅིན་ སྐྱེས་ལོ་༣༧ ལང་མི་ བཙན་སྐྱོགས་རྡོ་རྗེ་དེ་ འཕྲལ་མགྱོགས་ར་ འགོ་འདྲེན་འཐབ་ནི་ཨིན་མི་ རྒྱལ་ཡོངས་ཚོགས་སྡེའི་ འདེམས་ངོ་སྦེ་ གདམ་འཐུ་འབད་ནུག།
བཙན་སྐྱོགས་རྡོ་རྗེ་གིས་ དགོ་དང་ མི་དགོ་གི་ཚོགས་རྒྱན་ བཙུགས་པའི་སྐབས་ དགོ་༢༨༠ དང་ མི་དགོ་༤༨ ཐོབ་ཡོདཔ་ད་ རྒེད་འོག་ནང་ ཁྱད་ཚད་ལྡན་པའི་ ཐོ་བཀོད་ཅན་གྱི་ ཚོགས་རྒྱན་བཙུགས་མི་༢,༠༦༤ ཡོདཔ་ཨིན་པས།
དེ་ལས་ ལུགས་གཉིས་རྒེད་འོག་གི་ཐད་ཁར་ལྷོདཔ་ད་ སྐྱེས་ལོ་༢༨ ལང་མི་ བྱང་ཆུབ་དེ་ རྒེད་འོག་གི་ རྒྱལ་ཡོངས་ཚོགས་སྡེའི་ འདེམས་ངོ་སྦེ་ གདམ་འཐུ་གྲུབ་ཡོདཔ་ད་ ཁོ་གིས་ སྤྱི་ཟླ་༣ པའི་ཚེས་༡ ལུ་ ཚོགས་རྒྱན་དགོ་༢༧༤ དང་ མི་དགོ་༢༧ ཐོབ་སྟེ་ བཙག་འཐུ་གྲུབ་ཡོདཔ་ཨིན་པས།
རྡོཔ་ཤར་རི་རྒེད་འོག་ནང་འབད་བ་ཅིན་ རྒེད་འོག་ནང་ ཚོགས་རྒྱན་བཙུགས་མི་བསྡོམས་༡,༧༤༩ ཡོད་ས་ལས་ ཕོ་སྐྱེས་༣༩ དང་ ཨམ་སྲུ་༧༧ གྱིས་ ཚོགས་རྒྱན་བཙུགས་པར་འོང་རུང་ རྒེད་འོག་ནང་ རྒྱལ་ཡོངས་ཚོགས་སྡེའི་དོན་ལུ་ རྒེད་འོག་ནང་ལས་ དང་འདོད་ཅན་གྱི་ མི་ངོམ་མེདཔ་ཨིན་པས།
གདམ་ངོའི་འཛོམས་བསྡུ་ འཚོགས་པའི་བསྒང་ཡོད་པའི་ ལྷག་ལུས་རྒེད་འོག་ཚུ་ནང་ལས་ ཝང་ལྕང་རྒེད་འོག་ལས་ གདམ་ངོ་༡ ཐོན་ཡོད་རུང་ རྡོ་སྟེང་དང་ བཙན་ཏོག་རྒེད་འོག་ནང་ གདམ་ངོ་༢ རེ་ཐོན་ཡོད་རུང་ ནགས་རྒྱ་དང་ རྡོ་གར་ ཧཱུྂ་རལ་རྒེད་འོག་ དེ་ལས་ ཁྲོམ་ཚུ་ནང་ལུ་ གདམ་ངོ་མེདཔ་ཨིན་པས།
སྤ་རོ་རྫོང་ཁག་ནང་འབད་བ་ཅིན་ བསྡོམས་ཀྱིས་ ཐོ་བཀོད་ཅན་གྱི་ ཚོགས་རྒྱན་བཙུགས་མི་༡༨,༤༢༦ ཡོདཔ་ད་ རྒེད་འོག་༡༠ དང་ ཁྲོམ་གྱི་འཛོམས་འདུ་ཚུ་ སྤྱི་ཟླ་༣ པའི་ཚེས་༡༢ ལུ་ མཇུག་བསྡུ་ནི་ཨིན་པའི་གནས་ཚུལ།
སྐད་སྒྱུར་ ཚེ་རིང་རྣམ་རྒྱལ།