སྤ་རོ་དང་ ཧཱ་གི་བར་ནང་ སྐྱེལ་འདྲེན་བཱསི་མེད་མི་གིས་ མི་སེར་ཚུ་ལུ་ དཀའ་ངལ།

༉ སྤ་རོ་དང་ ཧཱ་རྫོང་ཁག་༢ ཀྱི་བར་ན་ མི་མང་སྐྱེལ་འདྲེན་བཱསི་གི་ ཞབས་ཏོག་མེད་པར་ ཟླཝ་ལང་ཡོདཔ་ལས་ རྫོང་ཁག་༢ ཀྱི་བར་ན་ འགྲོ་འགྲུལ་འབད་མི་ཚུ་ལུ་ དཀའ་ངལ་བྱུང་སྟེ་འདུག།

བཱསི་ཀྱི་ཞབས་ཏོག་ མཚམས་འཇོག་འབད་མི་དེ་གིས་ སྒེར་གྱི་སྣུམ་འཁོར་མེད་མི་དང་ ཆུ་འཛོམས་དང་ ཧཱ་གི་བར་ན་སྡོད་མི་ ནགས་རྒྱ་རྒེད་འོག་དང་ ས་དམར་རྒེད་འོག་གི་ མི་སེར་ཚུ་ལུ་ སྣུམ་འཁོར་མ་འཐོབ་པའི་ དཀའ་ངལ་སྦོམ་ཡོདཔ་ད་ མི་སེར་ཚུ་གིས་ མི་སྡེའི་འགོ་ཁྲིདཔ་ཚུ་ལུ་ སྙན་ཞུ་འབད་རུང་ དཀའ་ངལ་བསལ་མ་ཚུགས་པར་ ལུས་ཡོདཔ་ཨིན་པས།

ས་དམར་རྒེད་འོག་ ཤར་རི་ལས་ཨིན་མི་ བསོད་ནམས་ལྷ་མོ་གིས་ སླབ་མིའི་ནང་ མི་མང་སྐྱེལ་འདྲེན་བཱསི་མེདཔ་ལས་ སྤ་རོ་ལུ་ འགྱོ་ནི་དེ་ དཀའ་ངལ་འདུག་ཟེར་ཨིནམ་ད་ གླ་འཁོར་ནང་འགྱོཝ་ད་ གླ་ཆ་མཐོ་སུ་སླབ་རུང་ གླ་འཁོར་འཐོབ་ནི་དེ་ཡང་ ལཱ་ཁག་འདུག་ཟེར་ཨིན་པས།

ས་དམར་རྒཔོ་ ཚེ་དབང་སྟོབས་རྒྱས་ཀྱིས་ སླབ་མིའི་ནང་ མི་སེར་ཚུ་ལས་ བཱསི་གི་ཞབས་ཏོག་མེད་པའི་ དཀའ་ངལ་ཡོད་ལུགས་ཀྱི་ སྙན་ཞུ་ལྷོད་མི་དང་བསྟུན་ བཱསི་གི་ཞབས་ཏོག་བྱིན་མི་དང་གཅིག་ཁར་ ཁ་སླབ་ཅི་ཟེར་ཨིན་པས།

ཁོ་གིས་ སླབ་མི་ནང་ ལམ་རྒྱ་སྐྱེད་འབད་མི་ལུ་བརྟེན་ འཁོར་ལམ་གྱི་གནས་སྟངས་ ལེགས་ཤོམ་མེད་མི་དང་ མི་སེར་བརྒྱ་ཆ་༧༠ལྷགཔ་ཅིག་གིས་ རང་སོའི་སྣུམ་འཁོར་ ལག་ལེན་འཐབ་དོ་ཡོདཔ་ལས་ བཱསི་གི་ཞབས་ཏོག་དེ་ མཚམས་འཇོག་འབད་ནུག་ཟེར་ཨིན་པས།

ཧེ་མ་ བཱསི་གི་ཞབས་ཏོག་ཡོད་པའི་སྐབས་ ལག་ལེན་འཐབ་མི་ཉུང་སུ་ཅིག་ལས་མེད་ནི་དེ་གིས་ ཞབས་ཏོག་དེ་ མཚམས་འཇོག་འབད་ཡོདཔ་ད་ ཞབས་ཏོག་བྱིན་མི་ལུ་ཡང་ བལྟ་དགོཔ་འདུག་ཟེར་ཨིན་པས།

བཱསི་གི་ ཇོ་བདག་གིས་ ཟད་འགྲོ་བཏང་མི་དེ་ འགྲུལ་པ་ཚུ་ལས་ ལོག་འཐོབ་མ་ཚུགས་པའི་ཁར་ འཁོར་ལམ་ལེགས་ཤོམ་མེད་ནི་ད་གིས་ སྣུམ་འཁོར་མེདཔ་བཏང་དོ་ཡོདཔ་ཨིན་པས།

ཚེ་དབང་སྟོབས་རྒྱས་ཀྱིས་ སླབ་མིའི་ནང་ འཁོར་ལམ་ལེགས་ཤོམ་མེདཔ་ལས་ གླ་འཁོར་ཚུ་གིས་ཡང་ ཆུ་འཛོམས་ལས་ཧཱ་གི་ལམ་བདའ་སྟེ་ འགྱོ་མི་མེདཔ་ལས་ ཐབས་མིན་འདུག་ཟེར་ཨིནམ་ད་ ཧཱ་དང་ ཐིམ་ཕུག་གི་བར་ནའི་ བཱསི་གི་ཞབས་ཏོག་དེ་ཡང་ མཚམས་འཇོག་མི་འབད་ག་ཟེར་བའི་ དོགས་པ་ཡོད་ཟེར་ཨིན་པས།

འཁོར་རམ་དེ་ གནམ་བྱཱར་ཆརཔ་རྐྱབ་པའི་སྐབས་ ལྷག་པར་དུ་ གནས་སྟངས་སྐྱོ་དྲགས་སྦེ་ འགྱོ་དོ་ཡོདཔ་ཨིན་པས།

དུས་རྒྱུན་དུ་ འགྲོ་འགྲུལ་འབད་མི་ཚུ་གིས་ སླབ་མིའི་ནང་ ལམ་རྒྱ་སྐྱེད་འབད་ས་ལུ་ སྣུམ་འཁོར་བཀག་བཞག་ནིའི་དུས་ཚད་ གཏན་འཁེལ་བཟོ་སྟེ་མེདཔ་ལས་ དུས་ཡུན་ཆུ་ཚོད་ལས་བཅད་དེ་ ལམ་ཁར་བསྒུག་དགོཔ་ཐོནམ་མས་ཟེར་ཨིནམ་ད་ གླ་འཁོར་མང་ཤོས་ར་ ལྕེ་ལི་ལ་ལས་ འགྱོ་དོ་ཡོདཔ་ཨིན་པས།

དེ་གིས་མ་ཚད་ གཞུང་ལམ་བདའ་སྟེ་ཡོད་མི་ ཟ་ཁང་དང་ ཚོང་ཁང་ཚུ་གི་ ཚོང་འབྲེལ་ལུ་ཡང་ ཐོ་ཕོག་ཡོདཔ་ཨིན་པས།

རྒྱུན་འགྲུལ་འཐབ་མི་ཚུ་གིས་འབད་བ་ཅིན་ གཞུང་ལམ་རྒྱ་སྐྱེད་ཀྱི་ལཱ་དེ་ མགྱོགས་པར་མཇུག་བསྡུ་སྟེ་ གནས་སྟངས་དེ་ ཧེ་མ་བཟུམ་འགྱོ་བའི་ རེ་བ་བསྐྱོད་དོ་ཡོདཔ་ཨིན་པས།

ནགས་རྒྱ་རྒཔོ་ ཀུན་ལེགས་དབང་འདུས་ཀྱིས་ སླབ་མིའི་ནང་ མི་སེར་ཚུ་གི་ཁ་ཐུག་ལས་ རྒེད་འོག་བདག་སྐྱོང་ལུ་ སྙན་ཞུ་ག་ནི་ཡང་ མ་ལྷོད་ཟེར་ཨིནམ་ད་ བཱསི་གི་ ཞབས་ཏོག་ཡོད་པ་ཅིན་ མི་མངམ་ལུ་ ཕན་ཐོགས་འབྱུང་འོང་ཟེར་ ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཉིམ་རྡོ་རྗེ།

About admin

Check Also

གསར་སྤང་ཊཱར་ལུ་ ལོ་༢ དེ་ཅིག་གི་རྒྱབ་ལས་ ཁྱིམ་ཚུ་ བཟོ་སྐྲུན་འབད་ཆོག་ནི།

༉ ཁ་ཙ་ རྒྱལ་ཡོངས་ཚོགས་འདུའི་དྲི་བཀོད་ལས་རིམ་ འགོ་འདྲེན་འཐབ་པའི་སྐབས་ ཞབས་ཏོག་བློན་པོ་ རྡོ་རྗེ་ཚེ་རིང་གིས་ ད་རེས་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ གསར་སྤང་ཊཱར་གྱི་ ས་གནས་གོང་འཕེལ་ས་ཁོངས་ནང་ ལོ་༢ དེ་ཅིག་གི་རྒྱབ་ལས་ ཁྱིམ་ཚུ་ བཟོ་སྐྲུན་འབད་ཚུགས་ཟེར་ཨིན་པས། ད་རེས་ …

Leave a Reply

Your email address will not be published. Required fields are marked *