༉ སྤ་རོ་ཁྲོམ་སྡེ་ནང་ ཕྱགས་སྙིགས་བསྡུ་ལེན་འབད་མི་ སྣུམ་འཁོར་༥ ཡོད་ནི་དེ་གིས་ ཁྲོམ་གྱི་ས་ཁོངས་རྐྱངམ་གཅིག་ནང་མེན་པར་ ཉེ་འདབས་ལུ་ཡོད་མི་ གཡུས་ཚན་ཚུ་ནང་ལས་ཡང་ ཕྱགས་སྙིགས་བསྡུ་བསྒྱོམ་འབད་དོ་ཡོདཔ་ཨིན་པས།
སྤ་རོ་ཁྲོམ་གྱི་ ས་ཁོངས་ནང་འབད་བ་ཅིན་ རུལ་བཏུབ་མི་དང་ མ་བཏུབ་པའི་ཕྱགས་སྙིགས་ཚུ་ ཉིན་བསྐོར་རྐྱབ་སྟེ་ བསྡུ་བསྒྱོམ་འབད་དོ་ཡོདཔ་ལས་ བདུན་ཕྲག་གཅིག་ནང་ ཉིནམ་༦ གི་རྩིས་ ཕྱགས་སྙིགས་བསྡུ་བསྒྱོམ་འབད་དོ་ཡོདཔ་ཨིན་པས།
ཁྲོམ་སྡེ་བཟོ་རིག་འགོ་དཔོན་ དཀོན་མཆོག་རྡོ་རྗེ་གིས་ བཤད་མིའི་ནང་ ཁྲོམ་སྡེ་གི་ཁ་ཐུག་ལས་ ཕྱགས་སྙིགས་ཚུ་ ག་དེ་དྲག་དྲག་གཙོ་བོར་བཏོན་ཏེ་ དུས་ཚོད་ཁར་ སྣུམ་འཁོར་ཚུ་ནང་ སྐྱེལ་བཏངམ་ཨིན་ཟེར་ཨིན་པས།
ད་ལྟོ་ སྤ་རོ་ཁྲོམ་གྱི་ ཕྱགས་སྙིགས་ཚུ་ག་ར་ སྤང་སྦིས་ས་ལུ་ སྐྱེལ་དོ་ཡོདཔ་ད་ ས་གནས་ནང་ ཕྱགས་སྙིགས་རུལ་བཏུབ་མི་ཚུ་ ལུད་བཟོ་ནི་གི་ འཕྲུལ་ཆས་དེ་ གཞི་བཙུགས་མ་འབདཝ་ལས་བརྟེན་ ཕྱགས་སྙིགས་མ་ཤོང་པའི་ དཀའ་ངལ་ཐོནམ་མས་ཟེར་ཨིན་པས།
ཨིན་རུང་ བསྡུ་བསྒྱོམ་འབད་བའི་སྐབས་ལུ་ རུལ་བཏུབ་མི་དང་ མ་བཏུབ་མི་གཉིས་ དབྱེ་བ་ཕྱེ་སྟེ་ བསྡུ་ལེན་འབད་དོ་ཡོདཔ་ད་ བཟོ་རིག་འགོ་དཔོན་གྱིས་ འབད་བ་ཅིན་ དེ་སྦེ་འབད་དགོ་མི་དེ་ཡང་ མི་སེར་ཚུ་ ཕྱགས་སྙིགས་སོ་སོར་སྦེ་ ཕྱི་སེལ་རྐྱབ་སྟེ་བཞག་ནི་དེ་ ཤུམ་ཚུད་ནིའི་དོན་ལུ་ ཨིན་ཟེར་ཨིན་པས།
ཨིན་རུང་ མ་འོངས་པ་ལུ་ རུལ་བཏུབ་མི་ཕྱགས་སྙིགས་ཚུ་ལུ་བརྟེན་ཏེ་ ལུད་བཟོ་ནི་གི་ ལས་རིམ་ཚུ་ཡང་ རིམ་པ་བཞིན་དུ་འཐོན་འོང་ཟེར་ཨིན་པས།
ཁྲོམ་སྡེ་གི་ས་ཁོངས་ནང་ ཕྱགས་སྙིགས་བསྡུ་ལེན་འབད་ནིའི་ སྣུམ་འཁོར་མ་ལང་པའི་ དཀའ་ངལ་ཚུ་ ག་ཅི་ཡང་མེད་རུང་ ཁྲོམ་གྱི་ ཉེ་འདབས་ས་ཁོངས་ཚུ་ནང་ འཕྲལ་འཕྲལ་ལྷོད་མ་ཚུགས་པའི་སྐབས་ མི་སེར་ཚུ་གིས་ ཉོགས་བཤད་བཀོདཔ་མ་ཚད་ ཕྱགས་སྙིགས་ཚུ་ ལམ་བདའ་སྟེ་ བཀོ་བཞག་པའི་དཀའ་ངལ་ཚུ་ ཐོན་དོ་ཡོདཔ་ཨིན་པས།
བཟོ་རིག་འགོ་དཔོན་གྱིས་ འབད་བ་ཅིན་ མ་གཞི་ཁྲོམ་གྱི་ས་ཁོངས་དེ་ ཁྲོམ་སྡེའི་ཡིག་ཚང་ལས་ མྱང་མེད་ཟམ་པ་ཚུན་ཨིན་རུང ཁྲོམ་སྡེ་གིས་ འགན་ཁུར་ཐེབས་འབག་སྟེ་ ལྕང་དང་ ཁང་ཁུ་གི་ ཕྱགས་སྙིགས་ཚུ་ཡང་ བསྡུ་བསྒྱོམ་འབད་དོ་ཟེར་ཨིན་པས།
མ་གཞི་ གཡུས་ཚན་ཁག་གི་ ་ཕྱགས་སྙིགས་འཛིན་སྐྱོང་འཐབ་ནིའི་ འགན་ཁུར་དེ་ རྒེད་འོག་བདག་སྐྱོང་ལུ་ ཕོག་ནི་ཨིནམ་ལས་ འཕྲལ་མགྱོགས་ར་ འགོ་འདྲེན་འཐབ་ནི་ཨིན་མི་ རྫོང་ཁག་ཚོགས་འདུ་ནང་ ཕྱགས་སྙིགས་འཛིན་སྐྱོང་འཐབ་ཐངས་ཀྱི་སྐོར་ལས་ རྒཔོ་ཚུ་ལུ་ གསལ་བཤད་འབད་བྱིན་ནི་ཟེར་ཨིན་པས།
ཁྲོམ་སྡེའི་ཁ་ཐུག་ལས་ ས་གནས་ཧིང་སངས་ས་སྦེ་ བཞག་ནིའི་དོན་ལུ་ ལཱ་ཚུ་ག་དེ་དྲག་དྲག་ རྩ་འགེངས་ཏེ་འབད་ནི་ཨིན་ཟེར་ བཟོ་རིག་འགོ་དཔོན་གྱིས་ བཤདཔ་ཨིན་པའི་གནས་ཚུལ།
ཡེ་ཤེས་སྒྲོལ་མ།