སྣུམ་འཁོར་རྦོལ་རིལ་སོང་མིའི་མཐོང་སྣང་།

སྣུམ་འཁོར་རྦོབ་རིལ་མིའི་ནང་ མི་༣ ཁ་འཐུམ་མར་བསད་ཡོདཔ།

༉ སྤྱི་ཟླ་༡༢ པའི་ཚེས་༡༧ ལུ་ བསམ་གྲུབ་ལྗོངས་མཁར་ལས་ ཀི་ལོ་མི་ཊར་༦ གི་ས་གནས་ ཆེ་ཀི་ལོ་ཟེར་སར་ སྣུམ་འཁོར་མ་རུ་ཏི་ཀཱར་ཅིག་ རྦོབ་རིལ་མིའི་ནང་ མི་༣ ཁ་འཐུམ་མར་ ཤི་རྐྱེན་བྱུང་ནུག།
སྣུམ་འཁོར་དེ་ རྒྱལ་ཡོངས་དུས་ཆེན་གྱི་སྐབས་ རྦོབ་རིལ་ཡོད་རུང་ སྤྱི་ཟླ་༡༢ པའི་ཚེས་༡༨ ཀྱི་ ཕྱི་རུའི་ཆུ་ཚུད་༤ དེ་ཅིག་ལུ་ ཤེས་རྟོགས་བྱུང་ཡོདཔ་ད་ བྱུང་རྐྱེན་དེ་ནང་ སྐྱེས་ལོ་༥༠ ང་གྲངས་ནང་འབད་མི་ ཕོ་སྐྱེས་༡ དང་ སྐྱེས་ལོ་༦ ལང་མི་ བུམོ་ཅུང་༡ དེ་ལས་ སྐྱེས་ལོ་༢༠ ཉེར་གྲངས་ནང་འབད་མི་ ཨམ་སྲུ་༡ ལུ་ ཤི་རྐྱེན་བྱུང་ཡོདཔ་ཨིན་པས།
ཁྲམས་སྲུང་འགག་སྡེའི་ འགོ་དཔོན་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ སྤྱི་ཚེས་༡༧ གྱི་ཉིན་མའི་ཆུ་ཚོད་༢ དང་༣ དེ་ཅིག་ཁར་ སྣུམ་འཁོར་ཤུགས་ཚད་ལས་བརྒལ་ བཏང་མི་དང་ ཡང་ཅིན་ གཉིད་ལོག་མི་ལུ་བརྟེན་ རྦོབ་རིལ་ཡོད་པའི་ དོགས་པ་ཡོད་ཟེར་ཨིན་པས།
ཚེ་འདས་ཚུ་ བདེ་བ་ཐང་རྒེད་འོག་ ཨ་ཤི་མཁར་ལས་ཨིནམ་ད་ སྤྱི་ཚེས་༡༨ ཀྱི་ ཉིན་མའི་ཆུ་ཚོད་༢.༤༥ དེ་ཅིག་ཁར་ ཚེ་འདས་དེད་གཡོག་པའི་སྲིངམོ་གིས་ དེད་གཡོགཔ་དེ་ སྤྱི་ཟླ་༡༢ པའ་ཚེས་༡༧ ལུ་ར་ སོང་ཡོད་རུང་ ལྷོད་ནི་མེད་པའི་སྐོར་ ཁྲིམས་སྲུང་འགག་སྡེ་ལུ་ སྙན་ཞུ་འབད་ཡོདཔ་ཨིན་པས།
ཚེ་འདས་དེད་གཡོགཔ་དེ་ ཨ་ཤི་མཁར་ལས་ བསམ་གྲུབ་ལྗོངས་མཁར་ལུ་ འགྲུལ་འཕྲིན་མོ་བཱ་ཡེལ་གྱི་ སིམ་ཀཱཌ་ཉོ་བར་ སོང་སོཔ་ཨིན་པས།
ཅར་ཀི་ལོའི་ ཁྲིམས་སྲུང་འགག་སྡེའི་ འགེགས་སྲུང་སྒོ་ར་ལུ་ ཐོ་བཀོད་འབད་ཡོད་མེད་ ཞིབ་དཔྱད་འབད་ཡོདཔ་མ་ཚད་ ཁྲོམ་སྡེའི་པར་ཆས་སི་སི་ཊི་བིའི་ནང་བལྟ་རུང་ མ་མཐོང་ཟེར་ཨིན་རུང་ དེ་ཚེ་ཆུ་ཚོད་༤ དེ་ཅིག་ཁར་ ཚེ་འདས་ཀྱི་ སྤུན་ཆ་ཚུ་གིས་ ཆེ་ཀི་ལོ་ལུ་ རྦོབ་རིལ་ཡོད་སར་ མཐོང་ཡོདཔ་སྦེ་ སྙན་ཞུ་འབད་དེས་ཟེར་ འགག་སྡེའི་འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཁྲིམས་སྲུང་འགག་པ་དང་ གསོ་བའི་འགོ་དཔོན་ དེ་ལས་ རྐྱེན་ངན་འཛིན་སྐྱོང་གི་ འགོ་དཔོན་ཚུ་ ས་ཁོངས་ནང་ སོང་པའི་ཤུལ་ལུ་ ཕུངམ་ཚུ་ གཙང་ཆུའི་མཐའ་མ་ལས་ བཏོན་ཞིནམ་ལས་ ངོས་འཛིན་འབད་དེ་ ཁོང་གི་ཕམ་སྤུན་ཆ་ཚུ་ལུ་ དེ་ཚེ་ར་ རྩིས་སྤྲོད་འབད་ཡི་ཟེར་ཨིན་པས།
འགོ་དཔོན་ཚུ་གིས་འབད་བ་ཅིན་ དེད་གཡོགཔ་ཚུ་གིས་ སྣུམ་འཁོར་གཏང་པའི་སྐབས་ ཤུགས་ཚད་ལས་བརྒལ་གཏང་ནི་དང་ མོ་བཱ་ཡེལ་ལག་ལེན་འཐབ་ནི་ དེ་ལས་ ཆང་འཐུང་སྟེ་ སྣུམ་འཁོར་གཏང་ནི་ལ་སོགས་པ་ཚུ་ སྤང་ཞིནམ་ལས་ དྲན་ཤེས་ཀྱི་ཐོག་ལས་ གཏང་དགོ་ཟེར་ཨིན་པས།
སྤྱི་ལོ་༢༠༡༨ ཟླ་༡ པ་ལས་འགོ་བཙུགས་ ད་ལྟོ་ཚུན་ བསམ་གྲུབ་ལྗོངས་མཁར་རྫོང་ཁག་ནང་ སྣུམ་འཁོར་ཐུག་རྐྱེན་དང་འབྲེལ་བའི་ གནད་དོན་༡༤ དེ་ཅིག་ ཐོན་ཡོད་པའི་གནས་ཚུལ།

བསམ་གྲུབ་ལྗོངས་མཁར་ལས་ སྐལ་བཟང་དབང་ཕྱུག།

 

About admin

Check Also

འགྲམ་ཕུག་ལས་ ལྷ་མོའི་རྫིང་ཁ་ཚུན་ འགྲུལ་སྐྱོད་འབད་བའི་སྐབས་ཀྱི་གནས་སྟངས།

༉ ལྷ་མོའི་རྫིང་ཁ་དེ་ མི་སྡེ་བརྡ་བརྒྱུད་ནང་མཐོངམ་ད་ ས་ཆ་དགའ་ཏོག་ཏོ་དང་ མཛེས་ཆ་དང་ལྡནམ་སྦེ་ མཐོང་པའི་ཁར་ ཕུན་ཚོགས་གླིང་གི་ ཉེ་འདབས་ལུ་ཨིན་པས། དར་དཀར་ནང་རྫོང་ཁག་ནང་ཆགས་མི་ ལྷ་མོའི་རྫིང་ཁ་ཁྲོམ་དེ་ རྒྱལ་ཁབ་ནང་ ཁྲོམ་རྙིང་ཤོས་ཅིག་ཨིན་པས། ཧེ་མ་འབད་བ་ཅིན་ ཁྲོམ་དེ་ནང་ དགེ་འདུ་ལས་ཡང་ …

Leave a Reply

Your email address will not be published. Required fields are marked *