སྣུམ་འཁོར་ཡར་སེང་འགྱོ་མི་ལུ་ ཚ་གྱང་ལང་དགོ་པའི་ གཞི་གནད་ཅིག་ཨིནམ།

༉ དངུལ་འབྲེལ་ལས་ཁང་ཚུ་གིས་ ན་ཧིང་ སྤྱི་ཟླ་༡༢ པ་ཚུན་ཚོད་ སྣུམ་འཁོར་གྱི་ སྐྱིན་འགྲུལ་དངུལ་ཀྲམ་ཐེར་འབུམ་༥.༥ བྱིན་མི་དེ་ ན་ཧིང་སྤྱི་ཟླ་༡ པ་དང་ཕྱདཔ་ད་ དངུལ་ཀྲམ་ཐེར་འབུམ་༡ ལྷགཔ་ཅིག་ ཡར་སེང་སོང་ནུག།
ལམ་འགྲུལ་ཉེན་སྲུང་དང་ སྐྱེལ་འདྲེན་དབང་འཛིན་གྱིས་ ཐོ་བཀོད་བཞག་མི་དང་འཁྲིལ་བ་ཅིན་ སྤྱི་ལོ་༢༠༡༦ ཟླ་༦ པ་ཚུན་ཚོད་ རྒྱལ་ཁབ་ནང་ སྣུམ་འཁོར་བསྡོམས་༨༨,༢༢༧ ཡོད་མི་དང་ཕྱདཔ་ད་ དུས་ཅི་སྤྱི་ཟླ་༤ པ་ཚུན་ སྣུམ་འཁོར་གྱི་གྱངས་ཁ་༩༤,༩༥༦ ལུ་ ཡར་འཕར་སོང་ནུག།
གནས་ཐོ་ལུ་བལྟ་བ་ཅིན་ འདས་པའི་ཟླ་ངོ་༡༠ གྱི་ ནང་འཁོད་ལུ་ ཉིན་བསྟར་བཞིན་དུ་ སྣུམ་འཁོར་གསརཔ་༢༢ དེ་རེ་ ནང་འདྲེན་འབད་ཡོདཔ་ད་ ནང་འདྲེན་འབད་མི་ སྣུམ་འཁོར་ཚུ་གི་གྲས་ལས་ ཕྱེད་ཀ་ལྷགཔ་ཅིག་ ཐིམ་ཕུག་ཁྲོམ་ལམ་བདའ་སྟེ་ འགྲུལ་སྐྱོད་འབདཝ་ཨིན་པས།
སྣུམ་འཁོར་གྱི་ གྱངས་ཁ་དང་འཁྲིལཝ་ད་ རྒྱལ་ཁབ་ནང་ མི་སེར་༧ དེ་ཅིག་གིས་ སྣུམ་འཁོར་རེ་དང་ ཐིམ་ཕུག་ལུ་འབད་བ་ཅིན་ མི་༢ ལུ་ སྣུམ་འཁོར་རེ་ བདག་དབང་འབད་ནུག།
ད་རུང་ འཕྲལ་ཁམས་ཅིག་ཁར་ ཐིམ་ཕུག་ལུ་ སྣུམ་འཁོར་གྱི་ ཚོང་འབྲེལ་འགྲེམས་སྟོན་ཅིག་ འགོ་འདྲེན་འཐབ་པའི་སྐབས་ དངུལ་ཁང་ཚུ་གིས་ སྐྱིན་འགྲུལ་གྱི་ མཐུན་རྐྱེན་ཚུ་ བྱིན་ཡོདཔ་ལས་ སྣུམ་འཁོར་ནང་འདྲེན་འབད་བའི་གྱངས་ཁ་ ལྷག་པར་དུ་ ཡར་སེང་སོང་ཡོདཔ་ འོང་ནི་ཨིན་པས།
མ་གཞི་ འགྲེམས་སྟོན་སྐབས་ སྣུམ་འཁོར་ག་དེམ་ཅིག་ བཙོང་ཡོདཔ་ཨིན་ན་ གནས་ཐོ་མ་ཐོབ་རུང་ བརྡ་དོན་གནས་ཚུལ་ ཐོབ་མི་དང་འཁྲིལ་བ་ཅིན་ སྣུམ་འཁོར་བཙོང་མི་ཚུ་གིས་ གོང་ཚད་མར་བཅགས་ཐོག་ བཙོང་མི་ལུ་བརྟེན་ སྣུམ་འཁོར་༥༠༠ ལྷགཔ་ཅིག་ ཉོ་མི་ཐོན་ནུག་ཟེར་ཨིནམ་ད་ འགྲེམས་སྟོན་དེ་ནང་ དངུལ་ཁང་ཚུ་གིས་ བཅའ་མར་གཏོགས་ཏེ་ སྐྱིན་འགྲུལ་ཚུ་ཡང་ ས་གནས་དེ་ནང་ར་ གནང་བ་གྲུབ་ཡོདཔ་ཨིན་པས།
ན་ཧིང་ སྤྱི་ཟླ་༨ པའི་ཚེས་༡ ལུ་ དངུལ་ཁང་ལྟེ་བ་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ དངུལ་འབྲེལ་ལས་ཁང་ཆ་མཉམ་ལུ་ སྣུམ་འཁོར་གྱི་སྐྱིན་འགྲུལ་ བརྒྱ་ཆ་༣༠ རྐྱངམ་གཅིག་ བྱིན་དགོ་པའི་ ཁྱབ་བསྒྲགས་འབད་ཡོདཔ་ད་ སྣུམ་འཁོར་ཉོ་མང་ཚུ་གིས་ སྣུམ་འཁོར་གྱི་རིན་ བརྒྱ་ཆ་༧༠ རང་གིས་ བཏོན་དགོཔ་ཨིན་པས།
སྣུམ་འཁོར་ཡར་སེང་དང་ དེ་གི་གནོད་པ།
སྤྱི་ལོ་༢༠༠༡ ལུ་ རྒྱལ་ཁབ་ནང་ སྣུམ་འཁོར་བསྡོམས་༢༢,༥༢༧ ལས་བརྒལ་མེད་མི་ལས་ གཞུང་དང་ ལས་འཛིན་གྱི་མིང་ཐོ་ཁར་ སྣུམ་འཁོར་༢,༦༦༦ ཡོདཔ་ཨིན་རུང་ ལོ་ངོ་བཅུ་ཕྲག་༡ གི་ནང་ སྣུམ་འཁོར་གྱི་ གྱངས་ཁ་ལོག་ལྟབ་ཡར་འཕར་སོང་སྟེ་༥༣,༣༨༢ ལུ་ ལྷོད་ཡོདཔ་ད་ གཞུང་དང་ ལས་འཛིན་གྱི་ སྣུམ་འཁོར་ཚུ་ཡང་ ཧ་ལམ་ལོག་ལྟབ་ཡར་སེང་ཐོག་ གྱངས་ཁ་༤,༦༢༢ ལུ་ལྷོད་ནུག།
ནང་འདྲེན་བཀག་དམ་ལུ་བརྟེན་ སྤྱི་ལོ་༢༠༡༢ དང་༢༠༡༣ གྱི་བར་ན་ སྣུམ་འཁོར་༤༧༧ རྐྱངམ་གཅིག་ ནང་འདྲེན་འབད་ནུག།
ད་ལྟོའི་གཞུང་གིས་ ཁྲལ་བཀལ་ཐངས་གསརཔ་ ཆ་འཇོག་གྲུབ་བའི་ཤུལ་ལས་ སྤྱི་ལོ་༢༠༡༤ ཟླ་༧ པའི་ཚེས་༡ ལས་ ནང་འདྲེན་བཀག་དམ་འབད་མི་དེ་ མེདཔ་བཟོཝ་ལས་ སྤྱི་ལོ་༢༠༡༣ ལུ་ སྣུམ་འཁོར་བསྡོམས་༦༧,༩༢༦ ཡོད་མི་ལས་ སྤྱི་ལོ་༢༠༡༤ ལུ་ སྣུམ་འཁོར་གྱི་གྱངས་ཁ་༦༩,༦༠༢ ལུ་ ཡར་སེང་སོང་ནུག།
ལོ་དེ་གི་ཤུལ་ལས་ སྣུམ་འཁོར་གྱི་གྱངས་ཁ་༥,༥༨༨ ཡར་སེང་སོང་ཡོདཔ་ཨིན་རུང་ སྤྱི་ལོ་༢༠༡༦ ལུ་ ལོ་༡ ནང་རང་ སྣུམ་འཁོར་གསརཔ་༩,༡༠༧ ནང་འདྲེན་འབད་ཡོདཔ་ལས་ ལོག་ལྟབ་དེ་ཅིག་ ཡར་འཛེགས་སོང་ནུག།
དུས་ཅི་ སྤྱི་ཟླ་༤ པ་ཚུན་ཚོད་ རྒྱལ་ཁབ་ཀྱི་ འཁོར་ལམ་བདའ་སྟེ་ འགྲུལ་སྐྱོད་འབད་མི་ སྣུམ་འཁོར་བསྡོམས་༩༤,༩༥༦ ཡོདཔ་ད་ ལས་འཛིན་ཅིག་ནང་ ལཱ་འབད་མི་ ཚེ་རིང་དབང་ཕྱུག་གིས་ སླབ་མིའི་ནང་ སྣུམ་འཁོར་འགྲོ་འགྲུལ་འབད་མི་ མང་དྲགས་ནི་དེ་གིས་ རྒྱུན་འགྲུལ་བཀག་ཐོགས་ཀྱི་ དཀའ་ངལ་བྱུངམ་ད་ དེད་གཡོགཔ་ཚུ་ ཙིག་མུ་ལང་སྟེ་ འཕྲལ་འཕྲལ་འབད་ར་ དེད་གཡོགཔ་ནང་དོག་དང་ ལྟ་རྟོག་འབད་མི་ ཁྲིམས་སྲུང་འགག་པ་དང་ ཁ་འཐབ་ཚིག་འཐབ་འབད་སར་ མཐོངམ་མས་ཟེར་ཨིན་པས།
ད་ལྟོ་བཟུམ་སྦེ་ སྣུམ་འཁོར་ནང་འདྲེན་དེ་ འཕྲོ་མཐུད་དེ་ར་ འབད་བ་ཅིན་ གནས་སྟངས་སྐྱོ་དྲགས་འགྱོ་ནི་བཟུམ་ མཐོངམ་མས་ཟེར་ ཁོ་གིས་ བཤདཔ་ཨིན་པས།
མ་གཞི་ མི་མང་སྐྱེལ་འདྲེན་ཞབས་ཏོག་དེ་ ཕན་ནུས་ཅན་ འོང་ནི་བཟུམ་ མཐོངམ་ཨིན་རུང་ སྒེར་ནང་ལཱ་འབད་མི་ བསོད་ནམས་རྡོ་རྗེ་གིས་ ཕར་ཚུར་འགྱོཝ་ད་ ཨ་རྟག་ར་ ཁྲོམ་སྡེའི་བཱསི་དང་ གླ་འཁོར་ཚུ་ ལག་ལེན་འཐབ་དོ་ཡོདཔ་ལས་ གནས་སྟངས་དེ་ ཁྱད་པར་ག་ནི་ཡང་ མེད་མི་དེ་ཡང་ ཁྲོམ་སྡེའི་མི་སྐྱེལ་བཱསི་ཚུ་ཡང་ རྒྱུན་འགྲུལ་བཀག་ཐོགས་ནང་ ཚུད་ནི་འདུག་ཟེར་ བཤདཔ་ཨིན་པས།
སྣུམ་འཁོར་ཡར་སེང་འགྱོཝ་ད་ ས་སྣུམ་གྱི་ ཐོན་སྐྱེད་ནང་འདྲེན་གྱི་ འབོར་ཚད་ཡང་ ཡར་འཕར་སོང་ཡོདཔ་ད་ སྤྱི་ལོ་༢༠༡༦ ལུ་ ཌི་ཟིལ་མར་ཁུ་ དངུལ་ཀྲམ་ཐེར་འབུམ་༥.༧༧ གྱི་རྩིས་ ནང་འདྲེན་འབད་མི་དེ་ མཐོ་ཤོས་ཨིནམ་ད་ པེ་ཊཱོལ་མར་ཁུ་དང་ ཌི་ཟིལ་གཉིས་བསྡོམས་ད་ ན་ཧིང་ལོ་ནང་རྐྱངམ་གཅིག་ར་ དངུལ་ཀྲམ་ཐེར་འབུམ་༧.༥༣ གི་རྩིས་ ཟད་འགྲོ་བཏང་ནུག།
འབྲུག་ཚོང་འབྲེལ་རྩིས་དཔྱད་དང་འཁྲིལཝ་ད་ སྤྱི་ལོ་༢༠༡༣ ལུ་ ནང་འདྲེན་བཀག་དམ་གྱི་ དུས་ཚོད་སྐབས་ དངུལ་ཀྲམ་ས་ཡ་༥༤༧ དེ་ཅིག་གནས་པའི་ སྣུམ་འཁོར་ཚུ་ ནང་འདྲེན་འབད་མི་དེ་ སྤྱི་ལོ་༢༠༡༤ ལུ་ དངུལ་ཀྲམ་ཐེར་འབུམ་༢ ལྷགཔ་ཅིག་ ཡར་འཕར་སོང་མི་ལས་ དངུལ་ཀྲམ་ཐེར་འབུམ་༡.༦ དེ་ཅིག་གནས་པའི་ སྣུམ་འཁོར་ཚུ་ རྒྱ་གར་ལས་ ནང་འདྲེན་འབད་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༧ ལུ་ དངུལ་ཀྲམ་ཐེར་འབུམ་༦ ལྷགཔ་ཅིག་གི་ སྣུམ་འཁོར་ནང་འདྲེན་འབད་ཡོདཔ་ད་ དེ་བཟུམ་སྦེ་ རྒྱལ་ཁབ་ཀྱིས་ ལོ་དེ་ནང་ ཌི་ཟིལ་མར་ཁུ་ དངུལ་ཀྲམ་ཐེར་འབུམ་༦.༦ དང་ པེ་ཊཱོལ་མར་ཁུ་ དངུལ་ཀྲམ་ཐེར་འབུམ་༢ དེ་ཅིག་གི་རྩིས་ ནང་འདྲེན་འབད་ནུག།
དེ་འབདཝ་ལས་ ལོ་བསྟར་བཞིན་དུ་ སྣུམ་འཁོར་གྱི་ གྱངས་ཁ་ཡར་སེང་འགྱོ་མི་དེ་གིས་ རྒྱུན་འགྲུལ་བཀག་ཐོགས་རྐྱངམ་གཅིག་མེན་པར་ རྒྱལ་ཁབ་ཀྱི་ ཚོང་འབྲེལ་ཁྱད་པར་ཞུགས་པའི་ ཚ་གྱང་ལང་དགོ་པའི་ གཞི་གནད་ཅིག་ལུ་ གྱུར་ཡོད་པའི་གནས་ཚུལ།

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *