སྣུམ་འཁོར་པར་ཌོ་༢ རྦོབ་རིལ་མིའི་ནང་ འགྲུལ་པ་༤ ལུ་ ཤི་རྐྱེན།

༉ ཁ་ཙ་ ཐིམ་ཕུག་ལས་ ཕུན་ཚོགས་གླིང་ལུ་འགྱོ་མི་ སྣུམ་འཁོར་པར་ཌོ་༢ སྒང་ལ་ཁ་ལུ་ལྷོདཔ་ད་ ས་སྨུག་སྤུབས་ཡོད་མི་ལུ་བརྟེན་ གཞུང་ལམ་འོག་ལས་མར་ མི་ཊར་༧༥ དེ་ཅིག་ རྦོབ་རིལ་མིའི་ རྐྱེན་ངན་ནང་ འགྲུལ་པ་༤ ལུ་ ཤི་རྐྱེན་བྱུང་ནུག།
སྣུམ་འཁོར་༢ ཆ་ར་ ས་གོ་གཅིག་ནང་ རྦོབ་རིལ་ཡོདཔ་བཞིན་དུ་ སྣུམ་འཁོར་གཅིག་ནང་ འགྲུལ་པ་༥ དང་ གཞན་མི་དེ་ནང་ འགྲུལ་པ་༣ ཡོདཔ་ད་ གནོད་སྐྱོན་བྱུང་མི་ཚུ་ ད་ལྟོ་ དགེ་འདུ་སྨན་ཁང་ནང་ སྨན་བཅོས་འབད་བའི་བསྒང་འདུག།
ཧེ་མ་འགྱོ་མི་ སྣུམ་འཁོར་གྱི་དེད་གཡོགཔ་ སྐྱེས་ལོ་༥༢ ལང་མི་ ཚེ་འདས་ ཕོ་སྐྱེས་དེ་ ཐིམ་ཕུག་སྨད་ཝང་རྒེད་འོག་ལས་ རྒྱ་མཚོ་ཟེར་མི་དེ་ཨིནམ་ད་ ཁོ་ར་ ཁག་འབགཔ་གི་ ལཱ་འབད་མི་ཅིག་ཨིན་པས།
ཁོ་གི་སྣུམ་འཁོར་ནང་ ཤི་རྐྱེན་བྱུང་མི་༡ སྐྱེས་ལོ་༦༡ ལང་མི་ ཕུན་ཚོགས་གླིང་ལས་ཨིན་མི་ རྡོ་རྗེ་ཨིནམ་ད་ ཁོ་ར་ ཚོང་འབྲེལ་དང་ ཁག་འབགཔ་གི་ ལཱ་འབད་དོ་ཡོདཔ་ཨིན་པས།
འགྲུལ་པ་གཞན་༣ ད་ལྟོ་ སྨན་ཁང་ནང་ སྨན་བཅོས་འབད་བའི་བསྒང་འདུག།
རྟིང་ཤུལ་འགྱོ་མི་ སྣུམ་འཁོར་པར་ཌོ་དེ་ནང་ ཆུ་ཁ་དགེ་གླིང་ལས་ སྐྱེས་ལོ་༦༨ ལང་མི་ བཙན་གྲགས་རྡོ་རྗེ་དང་ ཀྲོང་གསར་ནུབ་སྦིས་རྒེད་འོག་ལས་ སྐྱེས་ལོ་༥༩ ལང་མི་ དཀོན་མཆོག་བསམ་པའི་དོན་གྲུབ་ ཡོདཔ་ཨིན་པས།
སྣུམ་འཁོར་དེ་ནང་ འགྲལ་པ་༣ ཡོད་ས་ལས་ སྣུམ་འཁོར་བཏང་མི་དེ་ སྨན་ཁང་ནང་ སྨན་བཅོས་འབད་དོ་ཡོདཔ་ཨིན་པས།
གནས་ཚུལ་བཤད་མི་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ སྣུམ་འཁོར་ཐུག་རྐྱེན་དེ་ཡང་ ས་གནས་དེ་ཁར་ ས་སྨུག་སྤུབས་ཡོད་ནི་དེ་གིས་ ཧེ་མ་འགྱོ་མི་ སྣུམ་འཁོར་གྱི་ རྟིང་ཤུལ་བདའ་སྟེ་ གཞན་མི་དེ་ཡང་ གཅིག་ཁར་འགྱོ་མི་བརྟེན་ གཉིས་ཆ་ར་ སྟབས་གཅིག་ཁར་ རྦོབ་རིལ་སོ་ནུག་ཟེར་ཨིན་པས།
བྱུང་རྐྱེན་དེ་གི་སྐོར་ལས་ ཁ་ཙ་ ཉིན་མའི་ཆུ་ཚོད་༢:༡༤ དེ་ཅིག་ཁར་ ལམ་འགྲུལཔ་ཚུ་གིས་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ཡོདཔ་ ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

 

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *