བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ སྣུམ་འཁོར་ནང་འདྲེན་ ཚད་འཛིན་འབད་ནིའི་དོན་ལུ་ སྲིད་བྱུས་དང་འབྲེལ་བའི་ ཐབས་ལམ་སྐོར་ལས་ གསུངས་པའི་བསྒང་།

སྣུམ་འཁོར་ནང་འདྲེན་ ཚད་འཛིན་དོན་ལུ་ སྲིད་བྱུས་དང་འབྲེལ་བའི་ ཐབས་ལམ་བཏོན་དགོཔ་མེདཔ།

༉ རྒྱལ་ཁབ་ནང་ སྣུམ་འཁོར་ནང་འདྲེན་ ཚད་འཛིན་འབད་ནིའི་དོན་ལུ་ རྒྱལ་གཞུང་དངུལ་དབང་འཛིན་གྱིས་ དངུལ་འབྲེལ་ཐབས་ལམ་ བཏོན་ཡོདཔ་བཞིན་དུ་ ད་ལྟོ་ གཞུང་གི་ཧོངས་ལས་ སྲིད་བྱུས་དང་འབྲེལ་བའི་ ཐབས་ལམ་གྱི་འཆར་གཞི་ མེད་ཟེར་ཨིན་པས།
དེ་ཡང་ ཁ་ཙ་ ལྷན་རྒྱས་གཞུང་ཚོགས་ཀྱི་ བློན་པོ་ཚུ་དང་ བརྡ་བརྒྱུདཔ་ཚུ་གི་བར་ན་ ཟླ་རིམ་ཞལ་འཛོམས་ འཚོགས་པའི་སྐབས་ ཞབས་ཏོག་བློན་པོ་ རྡོ་རྗེ་ཆོས་སྒྲོན་གྱིས་བཤད་ཅི།
བློན་པོ་གིས་འབད་བ་ཅིན་ དབང་འཛིན་གྱི་ དངུལ་འབྲེལ་ཐབས་ལམ་དེ་དང་འཁྲིལ་ གནས་སྟངས་དེ་ ག་དེ་སྦེ་ འགྱོཝ་མས་ག་བལྟ་ནི་དང་ གལ་སྲིད་ དགོས་མཁོ་མཐོང་པ་ཅིན་ འགྲོས་ཀྱིས་བཏང་ གཞུང་གི་ཧོངས་ལས་ བལྟ་ནི་དང་ ད་ལྟོའི་གནས་སྟངས་ནང་ སྲིད་བྱུས་ཀྱི་ཐབས་ལམ་ཚུ་ དགོཔ་ཅིག་ཡང་ མིན་འདུག་ཟེར་ཨིན་པས།
ད་ལྟོའི་ཚ་གྱང་དེ་ སྣུམ་འཁོར་ནང་འདྲེན་ བཀག་ཆ་འབད་ནི་མེན་པར་ ལོ་དག་པ་ཅིག་གི་ ཧེ་མ་བཟུམ་སྦེ་ ཐིམ་ཕུག་ཁྲོམ་སྡེ་ནང་ སྣུམ་འཁོར་མ་ཤོང་བའི་ ཚ་གྱང་ལུ་གཞི་བཞག་སྟེ་ ཐབས་ལམ་ཚུ་ བཏོནམ་ཨིན་པས་ཟེར་ཨིན་མས།
བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ གསུངས་མིའི་ནང་ སྲིད་བྱུས་དང་འབྲེལ་བའི་ ཐབས་ལམ་ཟེར་བའི་སྐབས་ གཙོ་བོ་ར་ ཁྲལ་དང་འབྲེལ་བའི་ གནད་དོན་ཅིག་ལུ་ སླབ་ཨིན་ཟེར་ཨིན་པས།
བློན་ཆེན་གྱིས་ གསུངས་མིའི་ནང་ སྣུམ་འཁོར་ནང་འདྲེན་གྱི་ཁྲལ་དེ་ ལོ་ངོ་དག་པ་ཅིག་གི་ཧེ་མར་ སེང་ཡོདཔ་བཞིན་དུ་ ད་རུང་ ཡར་སེང་འབད་ཐབས་ མེད་ཟེར་ཨིན་པས།
དེ་བཟུམ་སྦེ་ ཐིམ་ཕུག་ཁྲོམ་རྐྱངམ་གཅིག་ནང་ སྣུམ་འཁོར་མ་ཤོང་མི་ལུ་བརྟེན་ སྣུམ་འཁོར་གྱི་ཁྲལ་ ཡར་སེང་ཐོག་ལས་ མི་ག་ར་ལུ་ གནོད་པ་འབྱུང་བཅུག་ཐབས་ མེད་ཟེར་ཨིན་པས།
བློན་ཆེན་གྱིས་ བཤད་མིའི་ནང་ ད་ལྟོ་ བརྡ་དོན་དང་བརྒྱུད་འབྲེལ་ལྷག་ཁག་གིས་ ཐིམ་ཕུག་གི་ སྣུམ་འཁོར་ཤོང་ཚད་ ག་དེམ་ཅིག་ཡོདཔ་ཨིན་ནའི་ ཞིབ་འཚོལ་ཅིག་ འབད་དགོཔ་སྦེ་ སླབ་ཡོདཔ་བཞིན་དུ་ དེ་དང་འཁྲིལ་ ཐབས་ལམ་ཚུ་ བཏོན་ནི་ཨིན་ཟེར་ཨིན་པས།
ད་རེས་ཁམས་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ གསར་བཏོན་འབད་མི་ ཁྲིམས་ལུགས་གསརཔ་དེ་དང་འཁྲིལཝ་ད་ ད་ལས་ཕར་ སྣུམ་འཁོར་ཉོ་ནིའི་ འཆར་གཞི་རྩམ་མི་ཚུ་གིས་ སྣུམ་འཁོར་གྱི་ གོང་ཚད་དང་འཁྲིལ་ དངུལ་ཁང་ཚུ་ནང་ལས་ སྣུམ་འཁོར་གྱི་གོང་ཚད་ལས་ བསྐྱིན་འགྲུལ་བརྒྱ་ཆ་༣༠ མ་གཏོགས་ མི་འཐོབ་ནི་ཨིན་པས།
དབང་འཛིན་གྱི་ བཀོད་ཚོགས་ཞལ་འཛོམས་ཅིག་ནང་ གྲོས་ཐག་བཅད་མི་ ཁྲིམས་ལུགས་གསརཔ་དེ་ཡང་ ཟླཝ་འདི་ནང་ལས་ ལག་ལེན་འཐབ་ནི་ འགོ་བཙུགས་ཡོདཔ་ད་ ཧེ་མ་འབད་བ་ཅིན་ སྣུམ་འཁོར་གྱི་གོང་ཚད་ལས་ བརྒྱ་ཆ་༥༠ བསྐྱིན་འགྲུལ་ཐོབ་དོ་ཡོདཔ་ཨིན་པས།
སྣུམ་འཁོར་གྱི་ བསྐྱིན་འགྲུལ་ཚད་གཞི་ མར་ཕབ་འབད་དགོ་མི་དེ་ཡང་ གཙོ་བོ་ར་ རྒྱལ་ཁབ་ནང་ སྣུམ་འཁོར་ནང་འདྲེན་ མར་ཕབ་འབད་དེ་ ཐིམ་ཕུག་བཟུམ་མའི་ ཁྲོམ་སྡེའི་ས་ཁོངས་ནང་ སྣུམ་འཁོར་མ་ཤོང་བའི་ དཀའ་ངལ་ཚད་འཛིན་འབད་ནི་དང་ ནང་འདྲེན་ལུ་བརྟེན་པའི་ རྒྱ་གར་གྱི་རུ་པི་ རྒྱལ་ཁབ་ཀྱི་ཕྱི་ཁར་འགྱོ་མི་ལས་ བཀག་ཐབས་འབད་ནིའི་དོན་ལུ་ ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

About admin

Check Also

མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ངོ་༢༡ གསལ་བསྒྲགས་འབད་ཡོདཔ།

༉ ཁ་ཙ་ མི་སེར་དམངས་གཙོ་ཚོགས་པ་གིས་ ཐིམ་ཕུག་ལུ་སྦེ་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུ་ཐེངས་༤ པའི་དོན་ལུ་ འདེམས་ངོ་༢༡ གསལ་བསྒྲགས་འབད་ ཡོདཔ་ཨིན་པས། དེ་དང་འཁྲིལ་ཏེ་ ད་ལྟོ་ཚུན་ཚོད་ མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ངོ་༤༧ ལས་༤༢ …

Leave a Reply

Your email address will not be published. Required fields are marked *