སྣུམ་འཁོར་བཏང་མི་ལུ་ ཆོག་ཐམ་མེད་པའི་ཁར་ མི་ཚད་ལས་བརྒལ་ འབག་ནུག་ཟེར་ཨིན་པས།
༉ དུས་ཅི་ བསམ་གྲུབ་ལྗོངས་མཁར་ལུ་ སྣུམ་འཁོར་ཐུག་རྐྱེན་དང་འབྲེལ་བའི་ རྐྱེན་ངན་སྦོམ་ཅིག་ བྱུང་མི་དེ་ནང་ ལམ་འགྲུལ་པ་༥ ལུ་ ཤི་རྐྱེན་དང་༢༢ ལུ་ རྨ་སྐྱོན་བྱུང་ནུག།
དེ་ཡང་ སྤྱི་ཟླ་༦ པའི་ཚེས་༣༠ གི་ ཕྱི་རུ་ཁམས་ཅིག་ཁར་ སྣུམ་འཁོར་ཊི་པར་དེ་ རི་མཁས་ཟེaར་ས་ལས་ ཁས་བླངས་པ་༢༧ བཙུགས་འབག་འོངམ་ད་ འཁོར་ལམ་གྱི་འོག་ལས་ མི་ཊར་༡༥༠ དེ་ཅིག་གི་ས་ཁར་ རྦོབ་རིལ་ཡར་སོཔ་ཨིན་པས།
ཤི་རྐྱེན་བྱུང་མི་༥ ལས་ སྐྱེས་ལོ་༡༥ དང་༤༧ ལང་མི་ ཨམ་སྲུ་༢ དང་ སྐྱེས་ལོ་༡༣ དང་༦༠ འབད་མི་ ཕོ་སྐྱེས་༢ ཁ་འཐུམས་མར་ བསད་ཡོདཔ་ད་ སྐྱེས་ལོ་༢༣ ལང་མི་ ལམ་འགྲུལཔ་ ཨམ་སྲུ་དེ་ བདེ་བ་ཐང་སྨན་ཁང་ནང་ འབག་འགྱོ་བའི་ལམ་ཁར་ གྱོང་སོཔ་ཨིན་པས།
སྐྱེས་ལོ་༡༥ ལང་མི་ ཚེ་འདས་བུམོ་དེ་ ལྷུན་རྩེ་ལས་དང་ སྐྱེས་ལོ་༤༧ ལང་མི་ ཨམ་སྲུ་དེ་ པདྨ་དགའ་ཚལ་ དེ་ལས་ སྐྱེས་ལོ་༡༣ ལང་མི་ ཚེ་འདས་དགེ་སློང་དེ་ མོང་སྒར་ལས་ཨིནམ་མ་ཚད་ སྐྱེས་ལོ་༢༣ ལང་མི་ ཨམ་སྲུ་དང་ སྐྱེས་ལོ་༦༠ ལང་མི་ ཚེ་འདས་ཕོ་སྐྱེས་དེ་ བསམ་གྲུབ་ལྗོངས་མཁར་ལས་ཨིན་པས།
ཁྲིམས་སྲུང་འགག་པའི་ འགོ་དཔོན་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཚེ་འདས་ཚུ་གི་ མགུ་ཏོ་གུ་ རྨ་སྐྱོན་སྦོམ་བྱུང་སྟེ་ ཁྲག་ལེ་ཤ་འཛགས་སོང་མི་ལུ་བརྟེན་ ཤི་རྐྱེན་བྱུང་ནུག་ཟེར་ཨིནམ་ད་ རྐྱེན་ངན་དེ་ ཕྱི་རུའི་ཆུ་ཚོད་༥ དང་ སྐར་མ་༣༠ དེ་ཅིག་ར་ བྱུང་ཡོདཔ་ཨིན་པས།
དེ་ལས་ རྨ་སྐྱོན་བྱུང་མི་ འགྲུལ་པ་༢༢ ལས་༡༣ བདེ་བ་ཐང་སྨན་ཁང་དང་༩ བསམ་གྲུབ་ལྗོངས་མཁར་སྨན་ཁང་ནང་ སྨན་བཅོས་འབད་བའི་བསྒང་ཡོདཔ་བཞིན་དུ་ ཁོང་ག་ར་ གནས་སྟངས་ལེགས་ལྡན་ཐོག་ལུ་ཡོདཔ་ཨིན་པས།
ད་ལྟོ་ སྨན་བཅོས་འབད་བའི་བསྒང་ཡོད་མི་ ཉམས་རྒུདཔ་ཚུ་གི་ གཟུགས་ཀྱི་ནང་ན་ རྨ་སྐྱོན་སྦོམ་མ་བྱུང་རུང་ ཕྱི་ཁར་རྨ་སྐྱོན་ལེ་ཤ་བཏོན་ནུག་ཟེར་ཨིན་པས།
ཁྲིམས་སྲུང་འགག་སྡེའི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ དེ་ཚེ་ རི་མཁས་ལུ་ འཛུགས་སྐྱོང་འབད་ཡོད་མི་ ཊིག་ཤིང་ནང་ ཚལ་མ་དང་ ཧོན་ལྡུམ་གྱི་རིགས་བསལ་བར་ ཁས་བླངས་པ་༡༥༠ དེ་ཅིག་ སོང་ཡོདཔ་ལས་ ཕྱི་རུ་ལོག་འོངམ་ད་ ཁས་བླངས་པ་༢༧ གྱིས་ ཊི་པར་དེ་ བཀག་ཐོག་ལས་ འོང་ནུག་ཟེར་ཨིན་པས།
རྐྱེན་ངན་དེ་ ཊཱག་གི་དེད་གཡོགཔ་དེ་གིས་ ལམ་ཕྱོགས་གཞན་ལས་འོང་མི་ སྣུམ་འཁོར་ལུ་ ལམ་བྱིན་པའི་སྐབས་ ས་གོའི་ཕོག་ཚོད་མ་ཤེས་པར་ རྦོབ་རིལ་ཡར་སོཔ་བཟུམ་ཅིག་འདུག་ཟེར་ ད་ལྟོ་ ཞིབ་དཔྱད་འབད་བཞིན་དུ་ཡོད་མི་ འགག་སྡེའི་འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
དེ་འབདཝ་ད་ དེད་གཡོགཔ་ལུ་ སྣུམ་འཁོར་ཊཱག་གཏང་ཆོག་པའི་ ཆོག་ཐམ་མེད་པའི་ཁར་ འགྲུལ་པ་ཚད་ལས་བརྒལ་ཏེ་ འབག་ཡོད་པའི་ མངོན་གསལ་བྱུང་ཡོདཔ་ད་ སྐྱེས་ལོ་༢༢ ལང་མི་ དེད་གཡོགཔ་དེ་ཡང་ རྨ་སྐྱོན་བྱུང་ཡོདཔ་ལས་ ད་ལྟོ་ སྨན་ཁང་ནང་ སྨན་བཅོས་འབད་བའི་བསྒང་འདུག།
དེད་ གཡོགཔ་དེ་ སྨན་བཅོས་འབད་ཚར་ཞིནམ་ལས་ ཁྲིམས་སྲུང་འགག་སྡེ་གིས་ དྲི་དཔྱད་ཀྱི་དོན་ལུ་ དོ་དམ་འོག་ལུ་ བཞག་ནི་ཨིནམ་ད་ སྤྱི་ལོ་༢༠༡༨ ཟླ་༡ པ་ལས་འགོ་བཙུགས་ ད་ལྟོ་ཚུན་ བསམ་གྲུབ་ལྗོངས་མཁར་ལུ་ སྣུམ་འཁོར་ཐུག་རྐྱེན་གྱི་ གནད་དོན་༡༠ དང་ པདྨ་དགའ་ཚལ་ལུ་༡༧ ཐོ་བཀོད་འབད་ཡོད་པའི་གནས་ཚུལ།
བསམ་གྲུབ་ལྗོངས་མཁར་ལས་ སྐལ་བཟང་དབང་ཕྱུག།