༉ སྤྱི་ཟླ་༢ པའི་ཚེས་༢༧ གྱི་ ཉིན་མའི་ཆུ་ཚོད་༣ དེ་ཅིག་ཁར་ པདྨ་དགའ་ཚལ་ནོར་བུ་སྒང་རྒེད་འོག་ རིན་ཆེན་ཟོར་ལུ་ སྣུམ་འཁོར་ཊཱག་ཅིག་ རྦོབ་རིལ་མིའི་ནང་ སྐྱེས་ལོ་༢༧ ལང་མི་ ཕོ་སྐྱེས་ཅིག་ ཁ་འཐུམ་མར་ བསད་ཡོདཔ་ཨིན་པས།
ངང་ལམ་གྱི་ ཁྲིམས་སྲུང་འགག་སྡེའི་ འགོ་དཔོན་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ གནད་དོན་དེ་གི་སྐོར་ལས་ སྙན་ཞུ་ལྷོདཔ་ཅིག་ར་ ས་ཁོངས་ནང་སོང་ཞིནམ་ལས་ ཞིབ་དཔྱད་འབད་བའི་སྐབས་ སྣུམ་འཁོར་ཊཱག་དེ་ རིན་ཆེན་ཟོར་ལུ་ལྷོདཔ་ད་ བསྒོར་ལྟབ་བསྒྱིར་མ་ཚུགས་མི་ལུ་བརྟེན་ རྦོབ་རིལ་ཡོད་པའི་ ཤེས་རྟོགས་བྱུང་ཡི་ཟེར་ཨིན་པས།
འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཞིབ་དཔྱད་འབད་བའི་སྐབས་ ངང་ལམ་ལས་ པཱན་སྦང་ལུ་ རྩི་སའི་དོ་ འབག་འགྱོ་བའི་བསྒང་ཨིན་མི་ སྣུམ་འཁོར་ཊཱག་དེ་ འཁོར་ལམ་གྱི་འོག་ལུ་ མི་ཊར་༣༠༠ དེ་ཅིག་ རྦོབ་རིལ་སོ་ནུག་ཟེར་ཨིན་པས།
ཁོང་གིས་ སླབ་མིའི་ནང་ ཊཱག་དེ་ནང་ དེད་གཡོགཔ་དང་ ཁོ་རའི་ཚེ་འདས་ནོ་གཅུང་༢ ལས་བརྒལ་མེདཔ་ད་ སྐྱེས་ལོ་༣༧ ལང་མི་ དེད་གཡོགཔ་ལུ་ རྨ་སྐྱོན་དུམ་གྲ་རེ་ བྱུང་ཡོདཔ་བཞིན་དུ་ སློབ་རིམ་༡༢ པ་མཐར་འཁྱོལ་མི་ ཚེ་འདས་ཕོ་སྐྱེས་དེ་ མགུ་ཏོ་དང་ གཟུགས་ཁར་རྨ་སྐྱོན་ལེ་ཤ་ བྱུང་མི་ལུ་བརྟེན་ ཤི་རྐྱེན་བྱུང་ནུག་ཟེར་ཨིན་པས།
ཁོང་གིས་འབད་བ་ཅིན་ ཊཱག་དེ་ བཅགས་དཀྲུམ་འབད་ཚར་ཡོདཔ་མ་ཚད་ རྩི་ས་ཚུ་ཡང་ག་ར་ མེདཔ་ཐལ་སོ་ནུག་ཟེར་ཨིནམ་ད་ ཚེ་འདས་དང་ དེད་གཡོགཔ་༢ བཀྲིས་སྒང་མཁའ་གླིང་རྒེད་འོག་ལས་ཨིནམ་བཞིན་དུ་ ཚེ་འདས་ཀྱི་ཕུངམ་དེ་ ཁ་ཙ་ གཡུས་ཁར་འབག་བསྐྱལ་ཡོད་པའི་གནས་ཚུལ།
སྐལ་བཟང་དབང་ཕྱུག།