སྣུམ་འཁོར་གྱིས་ བདེ་སྲུངཔ་༢ ལུ་ རྨ་སྐྱོན་སྦོམ་སྦེ་བཏོན་ཡོདཔ།

༉ ཁ་ཙ་ ཕྱི་རུའི་ཆུ་ཚོད་༥ དེ་ཅིག་ཁར་ ཐིམ་ཕུག་བར་སྦིས་ས་ལུ་ འབྲུག་དངུལ་ཁང་གི་ཡིག་ཚང་རྙིངམ་གི་ ཉེ་འདབས་ལུ་ རྣམ་རྟོག་ལང་སི་སི་སྦེ་ ཐུག་རྐྱེན་བྱུང་མི་དེ་ནང་ བདེ་སྲུངཔ་ཨམ་སྲུ་༢ ལུ་ གནོད་སྐྱོན་སྦོམ་སྦེ་ར་ བཏོན་ཡོདཔ་ལས་ འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ སྨན་བཅོས་འབད་བའི་བསྒང་ཡོདཔ་ཨིན་པས།
ཁ་ཙ་ནུབ་མོར་ སྐྱེས་ལོ་༢༥ ལང་མི་ བདེ་སྲུངཔ་ཨམ་སྲུ་དེ་ གློ་བུར་སྨན་བཅོས་ཚབས་ཆེན་སྡེ་ཕྲན་ནང་དང་ སྐྱེས་ལོ་༣༣ ལང་མི་ ཨམ་སྲུ་གཞན་དེ་ གློ་བུར་སྨན་བཅོས་ཁང་ནང་ བཞག་ཡོདཔ་ཨིན་པས།
རྐྱེན་ངན་དེ་ཡང་ ལམ་ཕྱོགས་༤ ཡོད་མི་ རྒྱ་གྲམ་ཁར་བྱུང་ཡོདཔ་ཨིན་པས།
རྐྱེན་ངན་བྱུང་ས་ མཐོང་མི་ཚུ་གིས་ སླབ་མི་དང་འཁྲིལཝ་ད་ ཐུག་རྐྱེན་བྱུང་སའི་ མི་ཊར་༡༠༠ དེ་ཅིག་གི་ལྟག་ལུ་ གྱེན་ལམ་གུ་ བཀག་བཞག་མི་ སྣུམ་འཁོར་བོ་ལེ་རོའི་ དེད་གཡོགཔ་གིས་ སྣུམ་འཁོར་གྱི་འཕྲུལ་ཨམ་ འགོ་བཙུགས་བཞག་ ཁོ་ར་ ཕྱི་ཁར་ཐོན་ཏེ་ འཁོར་ལོའི་འོག་ལུ་ བཙུགས་བཞག་མི་ རྡོ་བཏོན་བཏངམ་ཅིག་ སྣུམ་འཁོར་དེ་ ཁ་མར་བལྟ་སྟེ་ ཡར་སོ་ཡི་ཟེར་ཨིན་པས།
དེ་ལས་ ནང་ན་དེད་གཡོགཔ་མེད་མི་ སྣུམ་འཁོར་དེ་གིས་ ལམ་སྐེདཔ་བཏོགས་ཏེ་ འགྱོ་བའི་བསྒང་ཨིན་མི་ བདེ་སྲུངཔ་ཨམ་སྲུ་༢ འཐུ་བཀོག་བཏངམ་ད་ སྐྱེས་ལོ་༢༥ ལང་མི་ ཨམ་སྲུ་དེ་ ལམ་གུ་ལས་ སྒྲིལ་སོང་སྟེ་ མོ་གི་མགུ་ཏོ་ ལམ་གྱི་ཐད་འོག་ལུ་ཡོད་མི་ ཆབ་དོང་གི་ཁ་གུ་ ཕོག་ཅི་ཟེར་ མཐོང་མི་ཅིག་གིས་ བཤདཔ་ཨིན་པས།
རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་ གློ་བུར་སྨན་བཅོས་མཁས་མཆོག་ ཌོག་ཊར་སོ་ན་པར་དཱན་གྱིས་ སླབ་མིའི་ནང་ སྐྱེས་ལོ་༢༥ ལང་མི་ ཨམ་སྲུ་དེ་ལུ་ རྨ་སྐྱོན་མང་རབས་ཅིག་ བྱུང་མི་དེ་ཡང་ མོ་གི་སྐེ་དང་ དཔྱི་སྨད་ཀྱི་རུ་ཏོ་ མངལ་སྒོའི་ཚིགས་ དེ་ལས་ རྩིབས་སྒྲོ་ལེ་ཤ་ཆག་དཀྲུམས་སོང་ཡོདཔ་མ་ཚད་ གློཝ་དང་ཐོདཔ་ལུ་ཡང་ གནོད་སྐྱོན་བྱུང་ནུག་ཟེར་ཨིན་པས།
སྐྱེས་ལོ་༣༣ ལང་མི་ ཨམ་སྲུ་དེ་ལུ་ཡང་ གློཝ་ལུ་གནོད་སྐྱོན་བྱུང་ཡོདཔ་ལས་ བྱང་ཁོག་ནཝ་མས་ཟེར་ སླབ་དོ་ཡོད་རུང་ དབང་པོ་གཞན་ག་ར་ གནས་སྟངས་ལེགས་ཤོམ་འདུག་ཟེར་ ཌོག་ཊར་གྱིས་ བཤདཔ་ཨིན་པའི་གནས་ཚུལ།

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *