སྤྱོད་མ་བཏུབ་པའི་ སྣུམ་འཁོར་གྱི་ རག་རོ་ཚུ།

སྣུམ་འཁོར་གྱི་ རག་རོ་ཚུ་ བཀོ་ནིའི་དོན་ལས་ ས་ཁོངས་ངོས་འཛིན་འབད་ནི་ལུ་ སྒུག་སྟེ་ཡོདཔ།

༉ ཐིམ་ཕུག་ཨོ་ལ་ཁའི་ སྣུམ་འཁོར་བཅོ་ཁང་ནང་ སྤྱོད་མ་བཏུབ་པའི་ སྣུམ་འཁོར་གྱི་ རག་རོ་ཚུ་ བཀོ་ནིའི་དོན་ལས་ སྣུམ་འཁོར་བཅོ་ཁང་གི་ ཇོ་བདག་ཚུ་ ས་ཁོངས་ངོས་འཛིན་འབད་ནི་ལུ་ སྒུག་སྟེ་འདུག།

ད་རེས་ སྣུམ་འཁོར་བཅོ་ཁང་ནང་ སྟབས་མ་བདེཝ་སྦོམ་ཤོས་དེ་ར་ ས་གོ་དོག་དྲགས་དང་ སྣུམ་འཁོར་མ་ཤོང་པའི་ གདོང་ལེན་བྱུངམ་མས་ཟེར་ཨིན་པས།
ན་ཧིང་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ སྣུམ་འཁོར་བཅོ་ཁང་གི་ ས་ཁོངས་ནང་ ལན་ཐེངས་༢ དེ་ཅིག་ གཟིགས་ཞིབ་གནངམ་ད་ བཅོ་ཁང་གི་ ཇོ་བདག་ཚུ་གིས་ གནད་དོན་དེ་གི་སྐོར་ལས་ ཞུ་ཡོདཔ་ད་ དེ་བསྒང་ སའི་ཇོ་བདག་མང་ཤོས་ཅིག་གིས་ སྤྱོད་མ་བཏུབ་པའི་ སྣུམ་འཁོར་གྱི་ རག་རོ་ཚུ་ བཀོ་ནིའི་དོན་ལུ་ དམིགས་བསལ་གྱི་ བཅའ་ཁྲིམས་ཅིག་ མ་བཟོ་བ་ཅིན་ དཀའ་ངལ་དེ་ སེལ་ཚུགས་ནི་ལུ་ ལཱ་ཁག་གཏང་འོང་ཟེར་ ཞུ་དེས་ཟེར་ཨིན་པས།
ད་ལྟོ་ཡོད་མི་ རྒྱལ་ཡོངས་མཐའ་འཁོར་གནས་སྟངས་ལྷན་ཚོགས་དང་ ལམ་འགྲུལ་ཉེན་སྲུང་དང་ སྐྱེལ་འདྲེན་དབང་འཛིན་གྱི་ བཅའ་ཁྲིམས་ཚུ་ནང་ སྣུམ་འཁོར་གྱི་ རག་རོ་ཚུ་ བཀོ་ནིའི་སྐོར་ལས་ འཁོད་དེ་མིན་འདུག་ཟེར་ཨིན་པས།
འཕྲལ་ཁམས་ཅིག་ཁར་ འཛམ་གླིང་བརྡ་བརྒྱུད་རང་དབང་གི་ ཉིནམ་བརྩི་སྲུང་ཞུ་བའི་སྐབས་ བློན་ཆེན་གྱིས་ ཁྲོམ་སྡེ་འགོ་དཔོན་ཚུ་དང་གཅིག་ཁར་ སྣུམ་འཁོར་གྱི་ རག་རོ་ཚུ་ བཅོ་ཁང་གི་ ས་ཁོངས་ནང་ བཞག་མ་ཆོགཔ་སྦེ་ གྲོས་ཐག་བཅད་དེ་ཡོད་ཟེར་གསུངས་ཡི།
ཇོ་བདག་ཚུ་གིས་ ཁྲིམས་མཐུན་བཟོ་བའི་ཤུལ་ལས་ ཟླཝ་༣ གྱི་ནང་འཁོད་ལུ་ རག་རོ་ཚུ་ སྦྱིས་མི་ནང་ལུ་ འབག་བསྐྱལ་དགོ་པའི་ཁར་ བཅོ་ཁང་གི་ ཇོ་བདག་དང་ ཁྲོམ་སྡེའི་འགོ་དཔོན་ཚུ་གི་བར་ན་ཡང་ གན་རྒྱ་ཅིག་བཟོ་སྟེ་ཡོད་རུང་ ད་ལྟོ་ ལག་ལེན་འཐབ་མ་འཐབ་ སླབ་མི་ཤེས་པས་ཟེར་ བློན་ཆེན་གྱིས་ གསུངས་ཡི།
ཕྱགས་སྙིགས་འཛིན་སྐྱོང་དང་ སྔོན་འགོག་སྒྲིག་གཞི་གི་ དོན་ཚན་༡༤ པ་དང་འཁྲིལཝ་ད་ གལ་སྲིད་ སྤྱོད་མ་བཏུབ་པའི་སྣུམ་འཁོར་ ཡང་ཅིན་ འཕྲུལ་ཆས་རག་རོ་ཚུ་ མི་མང་གི་ ས་ཁོངས་ནང་ ཡུན་རིངམོ་སྦེ་ བཞག་པ་ཅིན་ འབྲེལ་ཡོད་ལས་སྡེ་ཚུ་གིས་ སྣུམ་འཁོར་དེ་ རིན་བསྡུར་ཐོག་ལས་ བཙོང་དགོ་ཟེར་ཨིན་པས།
ཨིན་རུང་ བཅོ་ཁང་གི་ ཇོ་བདག་ཚུ་གིས་ སླབ་མིའི་ནང་ བློན་ཆེན་གྱིས་ རག་རོ་ཚུ་ སྦྱིས་མི་ནང་ལུ་ བསྐྱལ་དགོཔ་སྦེ་ གསུངས་པའི་ཁར་ ཁྲོམ་སྡེ་དང་ བཅོ་ཁང་གི་ ཇོ་བདག་ཚུ་གི་བར་ན་ གན་རྒྱ་བཟོ་ནིའི་དོན་ལུ་ ཡིག་ཐོག་ལུ་ ཡི་གུ་དང་ ཁྱབ་བསྒྲགས་ག་ནི་ཡང་ མ་ཐོབ་མ་ཚད་ རག་རོ་བཀོ་ནིའི་དོན་ལུ་ སྦྱིས་མི་ནང་ལུ་ ས་གོ་ཅིག་ཡང་ ངོས་འཛིན་འབད་དེ་ མ་བྱིན་ཟེར་ཨིན་པས།
སྣུམ་འཁོར་བཅོ་ཁང་གི་ཚོགས་པ་ གཡང་སྐྱིད་སྣུམ་འཁོར་བཅོ་ཁང་གི་ཇོ་བདག་ ཨོ་རྒྱན་རྡོ་རྗེ་གིས་ སླབ་མིའི་ནང་ སྤྱོད་མ་བཏུབ་པའི་ སྣུམ་འཁོར་ཚུ་ བཀོ་ནིའི་དོན་ལུ་ གཞུང་དང་ ཁྲོམ་སྡེ་གིས་ ས་གོ་ངོས་འཛིན་འབད་དེ་ གནང་ནི་ལུ་ སྒུག་སྟེ་ཡོད་ཟེར་ཨིནམ་ད་ དེ་གི་ཤུལ་ལས་རྐྱངམ་གཅིག་ རག་རོ་ཚུ་ བཀོ་ཚུགས་ནི་མས་ཟེར་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ བཅོ་ཁང་གི་ ཇོ་བདག་ཚུ་གིས་ རག་རོ་ཚུ་ འཁོར་ལམ་གྱི་ ཟུར་ཁར་དང་ བཅོ་ཁང་གི་ ཕྱི་ཁར་བཞག་མ་ཆོགཔ་སྦེ་ཡོད་རུང་ ད་རེས་ནངས་པར་ ཇོ་བདག་ཚུ་གིས་ བཞག་མི་ལུ་བརྟེན་ སྣུམ་འཁོར་མ་ཤོང་པའི་ དཀའ་ངལ་ཚུ་ བྱུངམ་མས་ཟེར་ཨིནམ་ད་ རག་རོ་ཚུ་ ས་ཁོངས་ནང་ དུས་ཡུན་ནམ་ཚུན་ བཞག་དགོཔ་ཨིན་ན་ གཞུང་གིས་ དོགས་སེལ་གནང་དགོཔ་འདུག་ཟེར་ཨིན་པས།
བཅོ་ཁང་མང་ཤོས་ཅིག་གིས་ སྣུམ་འཁོར་བཅོ་ནིའི་དོན་ལུ་ བཅོ་ཁང་ནང་ ཡན་ལག་ཅ་ཆས་ཚུ་ ཡོད་རུང་མེད་རུང་ བཞག་དོ་ཡོདཔ་ལས་ སྣུམ་འཁོར་ལ་ལོ་ཅིག་ བཅོ་མ་ཚུགས་པར་ ལུས་དོ་ཡོདཔ་ད་ ལ་ལོ་ཅིག་ བཅོ་ཚར་རུང་ ལེན་པར་མ་འོང་པར་ བཅོ་ཁང་ནང་ར་ ལོ་སྦེ་ལུསཔ་མས་ཟེར་ བཀྲིས་དུང་དཀར་གླིང་སྣུམ་འཁོར་བཅོ་ཁང་གི་ ཇོ་བདག་ དབང་ཕྱུག་གིས་ བཤད་ཅི།
ཁོ་གིས་འབད་བ་ཅིན་ ད་ལྟོ་ ཁོ་རའི་བཅོ་ཁང་གི་ གདོང་ཕྱོགས་ལས་ཕར་ སྣུམ་འཁོར་གྱི་རག་རོ་༢༠ དེ་ཅིག་ཡོད་ཟེར་ཨིནམ་ད་ བཅོ་ཁང་གི་ ཇོ་བདག་ལ་ལོ་ཅིག་གིས་ རག་རོ་ཚུ་ འཁོར་ལམ་བདའ་སྟེ་ བཞག་མི་ལུ་བརྟེན་ གདོང་ལེན་སྦོམ་སྦེ་ར་ བྱུངམ་མས་ཟེར་ཨིན་པས།
ཡུ་ཇེ་སྣུམ་འཁོར་བཅོ་ཁང་གི་ ཇོ་བདག་ཨོ་རྒྱན་རྡོ་རྗེ་གིས་ གལ་སྲིད་ གནད་དོན་དེ་ སེལ་ཐབས་ལུ་ གཞུང་གིས་ ཁྲིམས་ལུགས་དམ་དམ་ཅིག་ མ་བཟོ་བ་ཅིན་ དཀའ་ངལ་དེ་ སེལ་ཚུགས་པར་ ལཱ་ཁག་གཏང་ནི་མས་ཟེར་ཨིནམ་ད་ ད་རེས་ སྣུམ་འཁོར་བཅོ་ཁང་ ཆེ་བ་དང་བར་མ་ དེ་ལས་ ཆུང་བ་བརྩིས་ཏེ་ བཅོ་ཁང་༦༧ དེ་ཅིག་ ཡོདཔ་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

དངུལ་ཁང་ཚུ་གིས་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ ཆ་མེད་བཏང་དོ་ཡོདཔ།

༉ ལྟ་བཤལཔ་ཚུ་གིས་ ཚར་ལེ་ཤ་ཅིག་ཁར་ འབྲུག་ལུ་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ སྐྱོད་ཐམ་དང་ ཡུན་བརྟན་གོང་འཕེལ་གྱི་འཐུས་ བཏབ་ནིའི་དོན་ལུ་ དཔའ་བཅམ་ཡོད་རུང་ བརྗེ་སོར་འབད་མི་བཏུབ་དོ་ཡོདཔ་ལས་ ལྟ་བཤལཔ་ཚུ་ རྣམ་རྟོག་ལང་རུང་ འབད་ཐབས་གཞན་མེདཔ་ཨིན་པས། རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ དངུལ་བརྒྱ་ཆ་༥༠ …

Leave a Reply

Your email address will not be published. Required fields are marked *