སྣུམ་འཁོར་གྱི་ལམ་དང་ ཉེན་སྲུང་གནད་དོན་ཚུ་ལུ་ གཙོ་རིམ་བཟུང་དགོཔ།

༉ ང་བཅས་རའི་ རྒྱལ་ཁབ་ནང་ མི་རློབས་ཡར་འཕར་འགྱོ་མི་དང་ དཔལ་འབྱོར་རྒྱ་སྐྱེད་འགྱོ་མི་ དེ་ལས་ རྒྱལ་ཡོངས་ཉེན་སྲུང་གི་མཐའ་དོན་ལུ་དམིགས་ཏེ་ དེང་སང་གི་ མཐུན་རྐྱེན་དང་ལྡན་པའི་ ཕན་ནུས་ཆེ་བའི་ གཞུང་ལམ་ཅིག་ ངེས་པར་དུ་དགོ་པའི་ མངོན་གསལ་བྱུངམ་ཨིན་མས།

དེ་ཡང་ ག་འཆརཔ་ཟེར་བ་ཅིན་ རྒྱལ་ཁབ་ནང་འཁོད་ཀྱི་ ཁྲོམ་སྦོམ་ཚུ་ནང་ སྣུམ་འཁོར་མ་ཤོང་པའི་དཀའ་ངལ་དང་ འཁོར་ལམ་བདའ་སྟེ་ སྣུམ་འཁོར་ཚུ་ ཡུན་རིངམོ་སྦེ་ ཐོགས་ལུས་པའི་དཀའ་ངལ་ དེ་ལས་ རྐང་འགྲུལ་འབད་མི་ཚུ་ འཁོར་ལམ་སྐེདཔ་བཏོགས་ཏེ་ འགྱོ་མ་ཚུགས་པའི་དཀའ་ངལ་ཚུ་ ལོ་གཅིག་ལས་ལོ་གཅིག་ ཚབས་ཆེན་ཅིག་སྦེ་ར་ བྱུང་ནི་དེ་གིས་ཨིན།

རྒྱལ་ཁམས་ཀྱི་ དཔལ་འབྱོར་གོང་འཕེལ་དོན་ལུ་ སྣུམ་འཁོར་ལམ་ཚུ་ མེད་ཐབས་མེད་པའི་ གནད་དོན་ཅིག་ཨིན་རུང་ ང་བཅས་ཀྱིས་ སྤྱི་ལོ་༢༠༣༠ འི་ནང་འཁོད་ལུ་ སྣུམ་འཁོར་གྱི་ཐུག་རྐྱེན་དང་ མིའི་ཚེ་སྲོག་ལུ་ བར་ཆད་རྐྱབ་པའི་གནད་དོན་དེ་ བརྒྱ་ཆ་༥༠ མར་ཕབ་འབད་ནི་ལུ་ དམིགས་གཏད་བཟུང་མི་དེ་ ལེགས་པའི་ཆ་རྐྱེན་ཅིག་ཨིན་མི་དེ་ཡང་ ལོ་བསྟར་བཞིན་དུ་ འཁོར་ལམ་བདའ་སྟེ་ སྣུམ་འཁོར་དང་འབྲེལ་བའི་ རྐྱེན་ངན་ཚུ་ལུ་བརྟེན་ ཤི་རྐྱེན་བྱུང་མིའི་གྱངས་ཁ་ ཡར་སེང་འགྱོ་ནི་དེ་གིས་ཨིན།

ཕྱོགས་གཅིག་ལས་བལྟ་བ་ཅིན་ གཞུང་ལམ་དང་ ཁྲོམ་ལམ་ དེ་ལས་ ཟུར་ལམ་ཚུ་ ཚུལ་དང་མཐུནམ་སྦེ་ ལག་ལེན་འཐབ་ཐངས་ལུ་ཡང་ རག་ལས་ནི་ཨིན་མས།

ཐིམ་ཕུག་དང་ ཕུན་ཚོགས་གླིང་ལུ་ སློབ་ཕྲུག་ཨ་ལོ་ཚུ་ འདུ་འཛི་ཅན་གྱི་ འཁོར་ལམ་ཚུ་ སྐེདཔ་བཏོགས་འགྱོ་ནི་ལུ་ ལཱ་ཁག་རྐྱབ་དོ་ཡོདཔ་ད་ ང་བཅས་རའི་ འཁོར་ལམ་ཚུ་ སྣུམ་འཁོར་གྱི་གྱངས་ཁ་ མགྱོགས་དྲགས་སྦེ་ ཡར་སེང་འགྱོ་མི་དང་བསྟུན་ ཚུལ་མཐུན་རྒྱུན་འགྲུལ་འཐབ་མ་ཚུགསཔ་ད་ རྒྱུ་དངོས་དང་ མིའི་ཚེ་སྲོག་ལུ་ ཉེན་ཁ་སྦོམ་སྦེ་ར་ འབྱུང་ནི་ཨིན་མས།

སྤྱི་ལོ་༢༠༡༠ དང་༢༠༢༡ གི་བར་ན་ འཁོར་ལམ་བདའ་སྟེ་ སྣུམ་འཁོར་ཐུག་རྐྱེན་བྱུང་མི་ཚུ་ནང་ མི་གྲངས་༡,༡༥༡ དེ་ཅིག་གི་ ཚེ་སྲོག་བྱང་ཡོདཔ་ད་ དེ་ཡང་ གཙོ་བོ་ར་ ང་བཅས་ར་ འགྲོ་བ་མིའི་འཛོལ་བ་དང་ ནོར་བ་བྱུང་མི་ཚུ་ལུ་བརྟེན་ཨིན་མས།

ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་གྱི་ ལོ་ངོ་བཅུ་ཕྲག་གི་ དམིགས་གཏད་དང་འཁྲིལཝ་ད་ འཁོར་ལམ་བདའ་སྟེ་ སྣུམ་འཁོར་གྱི་ ཐུག་རྐྱེན་ལུ་བརྟེན་པའི་ ཤི་རྐྱེན་དང་ རྨ་སྐྱོན་གྱི་གནད་དོན་དེ་ མར་ཕབ་རྐྱབ་ནི་ལུ་ བརྩོན་ཤུགས་བསྐྱེད་ནི་ཨིན་མས།

དབང་འཛིན་གྱིས་ ཉེན་སྲུང་གི་སྒྲིག་གཞི་དང་ གོ་བ་བརྡ་སྤྲོད་ཀྱི་ལས་རིམ་ཚུ་ དུས་དང་དུས་སུ་ འགོ་འདྲེན་འཐབ་ནིའི་དོན་ལས་ གྲ་སྒྲིག་འབད་དོ་ཡོད་རུང་ འདི་བ་ལྷགཔ་སྦེ་ འབད་དགོཔ་འདུག།

ད་རེས་ ཆརཔ་རྐྱབ་པའི་དུས་ཚོད་ཨིནམ་ལས་ གྲོང་གསེབ་དང་ ས་གནས་ཁག་ཚུ་ནང་ འཁོར་ལམ་གྱི་གནས་སྟངས་ སྐྱོ་དྲགས་ཐལ་ཡོདཔ་ལས་ གནད་དོན་དེ་ རྒེད་འོག་དང་ རྫོང་ཁག་གི་ གྲོས་འཛོམས་ཚུ་ནང་ གྲོས་བསྟུན་འབད་བའི་བསྒང་འདུག།

ཞབས་ཏོག་ལྷན་ཁག་དང་ རྒྱལ་གཞུང་འབྲུག་གི་འགག་སྡེ་ དེ་ལས་ ས་གནས་གཞུང་ཚུ་དང་གཅིག་ཁར་ མཉམ་འབྲེལ་ཐོག་ལས་ སྣུམ་འཁོར་གྱི་བརྡ་བྱང་དང་ ལམ་རྟགས་བཀལ་ནི་ དེ་ལས་ འཁོར་ལམ་གནས་སྟངས་ཀྱི་ སྔ་གོང་ཉེན་བརྡའི་ བརྡ་བྱང་ཚུ་ གཞི་བཙུགས་འབད་ནིའི་ འཆར་གཞི་འདུག།

འཁོར་ལམ་གྱི་ ཉེན་སྲུང་དང་ མཐུད་སྦྲེལ་གྱི་ གནད་དོན་ཚུ་ནང་ འབྲུག་བཟུམ་མའི་ ཧི་མ་ལ་ཡའི་ རྒྱལ་ཁབ་ཚུ་གི་དོན་ལུ་ ལམ་གྱི་གལ་གནད་ཚུ་གི་སྐོར་ལས་ ཤེས་རྟོགས་གང་མང་མེད་པའི་ སྐྱོན་ཞུགས་ཡོད་རུང་ ད་ལས་ཕར་ དབང་འཛིན་ཚུ་གིས་ དམིགས་བསལ་དུ་ འཁོར་ལམ་དང་འབྲེལ་བའི་ དཀའ་ངལ་སེལ་ཐབས་འབད་ནི་དང་ ཉེན་སྲུང་གི་ གནད་དོན་ཚུ་ལུ་ གཙོ་རིམ་བཟུང་དགོཔ་འདུག།

About admin

Check Also

བདེ་ཆེན་གླིང་ལུ་ གླངམོ་ཆེ་དང་འབྲེལ་བའི་དཀའ་ངལ།

༉ པདྨ་དགའ་ཚལ་ བདེ་ཆེན་གླིང་མཁོ་ལོམ་རི་དང་ དགོན་པ་འུང་སྤྱི་འོག་༢ ནང་ གླངམོ་ཆེ་དང་འབྲེལ་བའི་ གནོད་ཉེན་དེ་ ཆེ་སུ་ཅིག་སྦེ་ཐོན་ཡོདཔ་ལས་ ས་གནས་ཀྱི་མི་སེར་ཚུ་ ཚ་གྱང་ལང་སྟེ་ ཡོདཔ་ཨིན་པས། མ་གཞི་ ནགས་ཚལ་འགོ་དཔོན་དང་ གཡུས་ཁའི་མི་ཚུ་གིས་ གླངམོ་ཆེ་ཚུ་ …

Leave a Reply

Your email address will not be published. Required fields are marked *