༉ གསོ་བའི་ལྷན་ཁག་གིས་ རྒྱལ་ཁབ་ནང་གི་ སྡེ་རིམ་གཉིས་པའི་ གཞི་རྟེན་སྨན་ཁང་༡༨༤ ཡོད་མིའི་ནང་ སྨན་གཡོགམོ་རེ་ བཙུགས་ནི་གི་ དམིགས་ཡུལ་ཡོད་མི་དེ་ འགྲུབ་ནི་གི་དོན་ལུ་ སང་ཕོད་ སྤྱི་ཟླ་དང་པའི་ནང་ལས་ སྨན་གཡོགམོ་༦༥ གཏང་དགོཔ་ཨིན་པས།
གསོ་བའི་བློན་པོ་ རྟ་མགྲིན་དབང་ཕྱུག་གིས་ བཤད་མིའི་ནང་ དམིགས་ཡུལ་འགྲུབ་ནིའི་དོན་ལུ་ ལྷན་ཁག་གི་ཁ་ཐུག་ལས་ སྨན་གཡོགམོ་ཚུ་གི་ དབྱེ་ཞིབ་ལེགས་ཤོམ་རྐྱབ་ཞིནམ་ལས་ ཧེ་མ་ མཐའ་ཟུར་གྱི་ གཡུས་ཚན་ནང་ མ་སྡོད་མི་ཚུ་ ཨིན་ཅི་མིན་ཅི་འགྱོ་དགོཔ་སྦེ་ བཟོ་ནི་ཟེར་ཨིན་པས།
གཞི་རྟེན་སྨན་ཁང་ སྡེ་རིམ་༢ པ་ ལེ་ཤ་ཡོད་མིའི་ནང་ལས་ བུམ་ཐང་ཨུ་ར་དང་ ཆུ་ཁ་ཅོང་ངེ་ཁ་དང་ རིན་ཆེན་རྩེ་ ཧཱ་ ཐིམ་ཕུག་གླིང་བཞི་ལ་སོགས་པ་ཚུ་ནང་ སྨན་གཡོགམོ་མེདཔ་ཨིན་པས།
གསོ་བའི་བློན་པོ་གིས་འབད་བ་ཅིན་ མཐའ་ཟུར་གྱི་ གཞི་རྟེན་སྨན་ཁང་ཚུ་ནང་ སྨན་གཡོགམོ་གཏང་ནིའི་དོན་ལུ་ གྱངས་ཁ་ལངམ་སྦེ་ཡོད་རུང་ གཉེན་རྐྱབ་སྟེ་ རྨགཔ་དང་གཅིག་ཁར་མེད་མི་དང་ གཟུགས་ཁམས་འཕྲོད་བསྟེན་བདེ་ཏོག་ཏོ་མེད་མི་ དེ་ལས་ ལ་ལོ་ཅིག་ ཧེ་མ་ལས་ མཐའ་ཟུར་ནང་ སྡོད་ཚར་ཡོདཔ་ལས་ ལྷན་ཁག་ལུ་ གདོང་ལེན་བྱུང་སྟེ་ཡོད་ཟེར་ཨིན་པས།
ད་ལྟོ་རྒྱལ་ཁབ་ནང་ གསོ་བའི་ལས་རོགསཔ་ཡོངས་བསྡོམས་༦༠༥ ཡོད་ས་ལས་ ཨམ་སྲུ་༢༣༢ ཡོདཔ་ཨིན་པས།
གཞུང་གཡོག་ནང་འཛུལ་ཞིནམ་ལས་ ད་ལྟོ་ཚུན་ཚོད་ མཐའ་ཟུར་གྱི་ ས་གནས་ནང་ ཕྱག་མ་ཞུ་བར་ཡོད་མི་ སྨན་གཡོགམོ་ཚུ་ ངེས་པར་དུ་ འགྱོ་དགོཔ་སྦེ་ བཀོད་ཁྱབ་བཀའ་རྒྱ་ཚུ་ཡང་ བཀྲམ་སྤེལ་འབད་ཡི་ཟེར་ བློན་པོ་གིས་ བཤདཔ་ཨིན་པས།
མ་གཞི་ དེ་སྦེ་གཏང་ནིའི་ ཐག་བཅད་པའི་སྐབས་ གནས་སོར་འགྱོ་དགོཔ་ ཐོན་མི་ཚུ་གིས་ སྟབས་མ་བདེཝ་དང་ དཀའ་ངལ་ཡོད་ལུགས་ཚུ་ བཤད་ནི་དེ་ ངེས་བདེན་ཨིན་རུང་ མཐའ་ཟུར་གཡུས་ཚན་གྱི་ ཨམ་སྲུ་དང་ ཨ་ལོ་ཚུ་གི་ མཐའ་དོན་ལུ་ འགྱོ་དགོཔ་ཁག་ཆེ་བས་ཟེར་ཨིན་པས།
མཐའ་ཟུར་གྱི་ གཞི་རྟེན་སྨན་ཁང་ཚུ་ནང་ སྨན་གཡོགམོ་དགོཔ་དེ་ བློན་ཆེན་གྱིས་ རྒེད་འོག་གི་ ལྟ་སྐོར་སྐབས་དང་ གསོ་བའི་བློན་པོ་ ཁོ་ར་ལྟ་སྐོར་ནང་འགྱོཝ་ད་ མི་སེར་ཚུ་གི་ གསོལ་འདེབས་དེ་ར་ ཞུཝ་མས་ཟེར་ཨིན་པས།
དེ་ཡང་ སྨན་གཡོགཔ་ཕོ་སྐྱེས་ཚུ་ ལྕོགས་གྲུབ་མིན་འདུག་ཟེར་མེན་པར་ གཡུས་ཁའི་ཨམ་སྲུ་ཚུ་གིས་ གསོ་བའི་ལས་བྱེདཔ་ ཕོ་སྐྱེས་འབདཝ་ད་ ཁོང་ར་ལུ་ ཁག་ཆེ་བའི་བརྟག་ཞིབ་ དཔེར་ན་ ཨམ་སྲུ་ཚུ་གི་ བུ་ཚང་ནང་ བརྟག་དཔྱད་འབདཝ་ད་ གཡང་ཟ་བག་ཟོན་བསྐྱེད་དེ་ འབད་མ་བཏུབ་ནི་དེ་གིས་ཨིན་པས།
དེ་མ་ཚད་ གསོ་བའི་བློན་པོ་གིས་ འབད་བ་ཅིན་ སྨན་གཡོགམོ་དེ་ ཕོ་སྐྱེས་འབདཝ་ད་ རྨགཔ་ལ་ལོ་ཅིག་གིས་ མིག་སེར་བལྟ་བའི་ ལོ་རྒྱུས་ཚུ་ཡང་ གོ་ནི་འདུག་ཟེར་ཨིན་པས།
དེ་ལས་ བརྟག་དཔྱད་འབད་ནིའི་ནང་ གཡང་ཟ་མི་༡ ཨ་ལོ་འགོ་དང་པ་སྐྱེས་མི་ཚུ་ཨིནམ་ད་ གཞི་རྟེན་སྨན་ཁང་ཚུ་ནང་ སྨན་གཡོགམོ་རེ་རེ་ གཏང་དགོ་པའི་ དམིགས་གཏད་ཅིག་ ཨམ་སྲུ་ཚུ་གིས་ ཁོང་ར་དང་འབྲེལ་བ་ཡོད་མི་ བརྟག་དཔྱད་ཚུ་ ལེགས་ཤོམ་འབད་དེ་ ནད་གཞི་ཚུ་ མི་འཐོབ་ནི་དོན་ལུ་ཨིན་ཟེར་ཨིན་པས།
གསོ་བའི་དྲུང་ཆེན་ ཌོག་ཊར་ཨྱོན་རྡོ་ཕུག་གིས་ བཤད་མིའི་ནང་ གསོ་བའི་ལས་རོགསཔ་ཚུ་གི་ ལཱ་ཟེར་རུང་ བརྒྱ་ཆ་༧༠ དེ་ཅིག་ ནད་གཞི་སྔོན་འགོག་འབད་ནི་དང་ འཕྲོད་བསྟེན་དང་འབྲེལ་བ་ཡོད་མི་ གོ་བརྡ་སྤྲོད་ནི་ དེ་ལས་ འཐུང་ཆུ་ཚུ་ ག་དེ་སྦེ་ ཧིང་སངས་ས་འཐུང་དགོཔ་ཨིན་ན་ཚུ་གི་ གོ་བརྡ་སྤེལ་ནི་དེ་ཨིན་ཟེར་ཨིན་པས།
ཨིན་རུང་ ཁོང་གིས་ ནད་གཞི་ཆུང་ཀུ་ དཔེར་ན་ ཚ་རིམས་དང་ བཤལ་ནད་ ལ་སོགས་པ་ཚུ་གི་ སྨན་བཅོས་ཚུ་ འབད་འོང་ཟེར་ཨིན་པས།
དྲུང་ཆེན་གྱིས་ གསོ་བའི་ཞབས་ཏོག་གི་ གནས་ཚད་དང་འཁྲིལཝ་ད་ གཞི་རྟེན་སྨན་ཁང་སྡེ་རིམ་༢ པ་ཚུ་ནང་ གསོ་བའི་ལས་རོགསཔ་༣ དགོཔ་ཨིན་ཟེར་ བཤདཔ་ཨིན་པའི་གནས་ཚུལ།
ཡེ་ཤེས་སྒྲོལ་མ།