༉ དུས་ཅི་ ཐིམ་ཕུག་ ལྕང་གླིང་མི་ཐང་གི་ རྒྱལ་ཡོངས་མདའ་རྩེད་ཐང་ནང་སྦེ་ རང་ལུགས་སྤག་ཤིང་ཐོག་ལས་ ལོ་བསྟར་བཞིན་དུ་ འགོ་འདྲེན་འཐབ་མི་ འབྲུག་དབང་རྒྱལ་རྒྱལ་ཡོངས་མདའ་རྩེད་འགྲན་བསྡུར་ནང་ལས་ བྷུ་དིས་ཨརཊ་སྡེ་ཚན་གྱིས་ དོ་འགྲན་སྦོམ་འབད་བའི་ཤུལ་ལུ་ མདའ་རྩེདཔ་༡༡ གི་ བསོད་ནམས་གཅིག་མཐུན་ལུ་གྲུབ་སྟེ་ མཐའ་བཅད་འགྲན་བསྡུར་ནང་ལྷོད་ཅི།
མཐའ་བཅད་འོག་མའི་ རྩེད་འགྲན་དེ་ཡང་ ནོར་ལ་སྡེ་ཚན་དང་གཅིག་ཁར་ རྩེད་འགྲན་འབད་བའི་སྐབས་ ཉིནམ་དང་པའི་ནང་ རྒྱལ་ཕམ་ཕྱེ་མ་ཚུགས་པར་ ཁ་ཙ་ འཕྲོ་མཐུད་རྩེད་འགྲན་འབདཝ་ད་ བྷུ་དིས་ཨརཊ་གིས་ སྐུགས་༣ པམ་དེ་ ཆོད་ཚུགས་ནི་དེ་གིས་ མཐའ་བཅད་རྩེད་འགྲན་གྱི་དོན་ལུ་ གོ་སྐབས་ཐོབ་ཅི།
སྡེ་ཚན་༢ ཆ་ར་གིས་ སྐུགས་རེ་འདྲན་འདྲ་ཆོད་མི་ལུ་བརྟེན་ སྐུགས་༣ པམ་གྱི་དོན་ལུ་ དོ་འགྲན་འབདཝ་ད་ ག་གིས་རྒྱལ་ཁ་ འཐོབ་ནི་ཨིན་ན་མ་ཤེས་པར་ སྐུགས་འདྲན་འདྲ་ཐོབ་སྟེ་ དུས་ཚོད་ཚང་ཡོདཔ་ལས་ དུས་ཐེབས་ལེན་ཏེ་ ཕྱི་རུའི་ཆུ་ཚོད་ཕྱེད་དང་༦ ཚུན་ རྩེད་འགྲན་འབད་དགོཔ་བྱུང་ཡི།
སྡེ་ཚན་༢ ཆ་ར་གིས་ སྐུགས་༢༤ འདྲན་འདྲ་ཐོབ་པའི་ཤུལ་ལུ་ བྷུ་དིས་ཨརཊ་གིས་ བཀག་རེག་༡ ཐེབས་ཕོག་སྟེ་ སྐུགས་ཆོད་ནི་གུ་ལྷོདཔ་ད་ མདའ་རྩེདཔ་༡༠ མཇུག་བསྡུ་སྟེ་ མཐའན་མཇུག་གི་ མདའ་དཔོན་༢ ལུ་ ལྷོདཔ་ད་ ནོར་ལ་སྡེ་ཚན་གྱི་ མདའ་དཔོན་གྱིས་ ཆ་རོགས་ཚུ་གི་ རེ་འདོད་བསྐང་ནིའི་དོན་ལུ་ བཀག་རེག་༡ རྐྱབ་སྟེ་འབད་རུང་ མདའ་འབའ་གུ་ སྡོད་མ་བཏུབ་པར་ ལོག་འོང་མི་གིས་ སྤྱི་ལོ་༢༠༡༨ ཀྱི་ རྒྱལ་རྟགས་ལེན་ནིའི་དམིགས་གཏད་ཀྱི་ ཁ་རྗེ་དུམ་གྲ་ཅིག་ ཆུང་སོཔ་ཨིན་པས།
ནོར་ལྷ་སྡེ་ཚན་གྱི་ མདའ་རྩེདཔ་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཉིན་གྲངས་༢ ཀྱི་རིང་ རྩེད་འགྲན་འབདཝ་ད་ མདའ་ཕུད་རྡོག་ཅིག་ཡང་ འབའ་གུ་ལས་ ལོག་མ་འོང་རུང་ མཐའན་མཇུག་ཁར་ ན་འཐན་ཁག་ཆེ་བའི་སྐབས་ མདའ་ལོག་འོང་མི་ལུ་བལྟཝ་ད་ རྣམ་རྟོག་ལང་དགོཔ་བྱུང་ཡི་ཟེར་ཨིནམ་ད་ དེ་ཁར་ ལྟདམོ་བལྟ་བར་འཛོམས་མི་ཚུ་ལུ་ཡང་ སེམས་ཀྱི་དོགས་པ་ ཅོག་ར་འཐདཔ་སྦེ་ ཆགས་ཡོདཔ་ཨིན་པས།
བྷུ་དིས་ཨརཊ་གིས་ ནངས་པར་ བཀང་ལུང་རྒེད་འོག་དང་གཅིག་ཁར་ མཐའ་བཅད་འགྲན་བསྡུར་འབད་ནི་ཨིནམ་བཞིན་དུ་ བཀང་ལུང་རྒེད་འོག་གིས་ འབྲུག་སླར་འབྱུང་གློག་མེ་ལས་འཛིན་ལས་ རྒྱལ་ཁ་ཐོབ་སྟེ་ མཐའ་བཅད་ནང་ལྷོད་ཡོདཔ་ཨིན་པས།
བྷུ་དེས་ཨརཐ་གིས་ ན་ཧིང་ འཇིགས་མེད་རྡོ་རྗེ་དབང་ཕྱུག་རྗས་དྲན་གྱི་ རྒྱལ་ཡོངས་མདའ་རྩེད་འགྲན་བསྡུར་ནང་ལས་ རྒྱལ་ཁབ་ཐོབ་ཡོད་པའི་ཁར་ རྩེད་འགྲན་དེ་ནང་ལས་ཡང་ རྒྱལ་ཁ་ཐོབ་ཡོདཔ་ཨིན་པས།
རྩེད་འགྲན་ནང་ རྒྱལ་ཁབ་ནང་འཁོད་ལས་ སྡེ་ཚན་༣༣ གྱིས་ བཅའ་མར་གཏོགས་ཡོད་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།