སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ལུ་ བཀྲིན་རྗེས་སུ་དྲན་དགོ་པའི་ཉིནམ།

༉ ནངས་པར་ རྒྱལ་བ་ལྷ་ལས་བབས་པའི་ དུས་ཆེན་ཁྱད་པར་ཅན་ བརྩི་སྲུང་ཞུ་ནིའི་དོན་ལུ་ རྒྱལ་ཁབ་མཐའ་དབུས་མེད་པར་ གཞུང་འབྲེལ་ངལ་གསོ་བཞག་ནི་ཨིནམ་ད་ འདས་པའི་ལོ་ཚུ་ལས་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ དུས་ཆེན་རྩ་ཅན་དེ་ དྲིན་ཅན་ཕམ་ཚུ་ལུ་ དྲིན་ལན་འཇལ་ནིའི་ཉིནམ་སྦེ་ ངོས་འཛིན་གནང་ནུག།

མཁན་པོ་རྟ་མགྲིན་སྲིད་ཐུབ་ཀྱིས་ སླབ་མིའི་ནང་ སྐྱབས་རྗེ་རིན་པོ་ཆེ་མཆོག་གི་ སྐུ་ངོ་ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ ཁྲི་མངའ་སྲོལ་མཛད་པའི་ཉིནམ་དང་ རྒྱལ་བཙུན་ཁབ་ཏུ་བཞེས་པའི་ཉིནམ་ དེ་ལས་ འཇིགས་མེད་རྣམ་རྒྱལ་དབང་ཕྱུག་མཆོག་ སྐུ་འཁྲུངས་པའི་ཉིནམ་ ཁྱད་པར་ཅན་ཚུ་ བྱུང་ཡི་ཟེར་ཨིན་པས།

དེ་མ་ཚད་ མི་དབང་རྒྱལ་སྲས་མཆོག་ རྒྱལ་བཙུན་རྗེ་བཙུན་པདྨ་དབང་ཕྱུག་མཆོག་གི་ཕྱག་ལས་ འགོ་དང་པ་ མི་དབང་འབྲུག་རྒྱལ་༤ པ་མཆོག་གིས་ བསྣམས་པའི་ཤུལ་ལས་ སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་ བཞེས་གནང་ཡི་ཟེར་ཨིནམ་ད་ དེ་ཡང་ མཁན་པོ་དང་ དྲིས་ལན་འབད་མི་དེ་ འདས་པའི་ལོ་ཚུ་གི་ ཀུན་གསལ་ནང་ གསལ་སྟོན་འབད་ཡོདཔ་ཨིན།

རྒྱུ་མཚན་འདི་ལུ་བརྟེན་ སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་ རང་ཟླ་༩ པ་འདི་ དམིགས་བསལ་དུ་ དྲིན་ཅན་ཕ་མའི་ཉིནམ་སྦེ་ བཟོ་གནང་ཡོདཔ་ཨིན་པས།

མཁན་པོ་རྟ་མགྲིན་སྲིད་ཐུབ་དང་འཁྲིལཝ་ད་ སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ སེམས་ཅན་ཚུ་ག་ར་ རང་གི་ ཨའི་འབད་འབདཝ་ཨིནམ་ལས་ ཁོ་རང་ཡང་ ཡུམ་ལུ་ དྲིན་ལན་མཇལ་ནིའི་དོན་ལས་ ལྷ་ཡུལ་ལུ་ བྱོན་གནང་ནུག་ཟེར་ཨིན་པས།

སངས་རྒྱས་བཅོམ་ལྡན་འདས་ ལོ་༦ དཀའཝ་སྤྱད་དེ་བཞུགས་པའི་སྐབས་ ཡུམ་རྒྱུ་མ་ལྷ་མཛེས་ ལྷའི་ཡུལ་ལུ་ བཞུགས་ཡོདཔ་ད་ དེ་བསྒང་ ཡུམ་གྱིས་ ང་ལུ་བུ་ཅིག་ཡོད་མི་དེ་ ག་དེ་སྦེ་སྡོད་ཡི་ག་ཟེར་ འཇིག་རྟེན་མི་ཡུལ་ལུ་གཟིགསཔ་ད་ བུ་དེ་གིས་ རྒྱལ་སྲས་སྤངས་ཏེ་ མི་ཨིན་ན་ འདྲེ་ཨིན་ན་ མ་ཤེསཔ་སྦེ་ དཀའཝ་སྤྱད་བཞུགས་སར་ གཟིགས་ནུག་ཟེར་ཨིན་པས།

ཡུམ་གྱིས་ ངེ་གི་བུ་དེ་ དཀའཝ་སྤྱད་དགོ་པའི་ གནད་དོན་ག་ཅི་ཨིན་ན་ཟེར་ ཤུམས་པའི་སྐབས་ལུ་ ལྷ་དང་ ལྷམོ་ཚུ་གིས་ སྤྱན་ཁྱབ་ཤོར་མི་དེ་ སངས་རྒྱས་བཅོམ་ལྡན་འདས་ཀྱི་ ཐུགས་ཁར་ཕོགཔ་ད་ ལོ་༦ དཀའཝ་སྤྱད་མི་ལས་ དྲན་པ་གསལ་གནང་ཡོདཔ་ཨིན་པས།

སངས་རྒྱས་བཅོམ་ལྡན་འདས་ཀྱིས་ ཁོ་རའི་ ཡུམ་བཤགས་སོ་རུང་ ཡུམ་གྱིས་ བུ་ལུ་ དེ་ཚུན་ཚོད་ སྡུག་བསྔལ་མྱོང་དགོ་པས་ཟེར་ སྡུག་བསྔལ་དང་ ཚ་གྱང་དཔག་ཏུ་མེད་པར་ ཐུགས་ཁར་བཞེས་ཞིནམ་ལས་ སེམས་ཅན་ཚུ་ག་ར་ ཨའི་ཨིན་ཟེར་ གསུངས་གནང་ནུག་ཟེར་ ཨིན་པས།

མཁན་པོ་དང་འཁྲིལཝ་ད་ ད་ལྟོ་ ང་བཅས་རའི་ ཤ་ཁྲག་ཕུང་པོ་དེ་ ཨའི་གི་ ཤ་ཁྲག་རུ་ཏོ་ཚུ་ བགོ་བཤའ་རྐྱབ་སྟེ་ བཟོ་ཡོདཔ་སྦེ་ ཤེས་དགོ་ཟེར་ཨིན་པས།

རྒྱུ་མཚན་འདི་ལུ་བརྟེན་ སངས་རྒྱས་ཀྱིས་ ཡུམ་གྱི་སྐུ་ཚེ་དང་པ་ བཤགས་སོ་རུང་ སྐུ་ཚེ་༢ པམ་དེ་ ལྷ་ཡུལ་སུམ་ཅུ་རྩ་གསུམ་ལུ་ སྐྱེས་ཡོདཔ་ལས་ སངས་རྒྱས་ཀྱིས་ དམིགས་བསལ་དུ་ རང་ཟླ་༦ པའི་ཚེས་༡༥ ལས་ ཟླ་༩ པའི་ཚེས་༡༥ ཚུན་ ཟླཝ་༣ གྱི་རིང་ ཨའི་ལུ་ ཆོས་བཤད་དེ་ དྲིན་ལན་མཇལ་ནུག་ཟེར་ཨིན་པས།

དྲིན་ལན་འཇལ་ཚར་ཞིནམ་ལས་ རང་ཟླ་༩ པའི་ཚེས་༡༦ དང་༡༧ ༡༨ ༡༩ ལུ་ ལོག་འཇིག་རྟེན་མི་ཡུལ་ལུ་ བྱོན་ཞིནམ་ལས་ཚུར་ ལྷ་བབས་དུས་ཆེན་གྱི་ཉིནམ་སྦེ་ བརྩི་སྲུང་ཞུ་སྲོལ་ བྱུང་ནུག་ཟེར་ཨིན་པས།

སྐྱབས་རྗེ་མཆོག་གིས་ གཞི་འདི་ལུ་བཞག་ཞིནམ་ལས་ འབྲུག་ལུ་སྐྱེས་མི་ག་ར་ ནང་པའི་ཆོས་འབད་མི་དང་ སངས་རྒྱས་ཀྱིས་མཛད་མི་ལུ་ ཁས་ལེན་འབད་མི་ཅིག་ཨིནམ་ལས་ རང་ཟླ་༩ པའི་ཟླཝ་འདི་ དྲིན་ཅན་ཕ་མའི་ཉིནམ་སྦེ་ བཟོ་གནང་ཡི་ཟེར་ མཁན་པོ་རྟ་མགྲིན་སྲིད་ཐུབ་ཀྱིས་ བཤད་ནུག།

ལྷ་བབས་དུས་ཆེན།

རང་ཟླཝ་༩ པའི་ཚེས་༢༢ ཀྱི་ཉིནམ་འདི་ སྟོན་པ་སངས་རྒྱས་ཤཱཀྱ་ཐུབ་པ་མཆོག་ སྟེང་ལྷ་ཡུལ་ལས་ འཇིག་རྟེན་མི་ཡུལ་ལུ་ བབས་བྱོན་པའི་ཉིནམ་ ཁྱད་པར་ཅན་ཅིག་ཨིནམ་ལས་ ལྷ་བབས་དུས་ཆེན་ཟེར་ བཏགས་གནང་ནུག།

སངས་རྒྱས་སྐུ་འཁྲུངས་ཏེ་ བདུན་ཕྲག་གཅིག་གི་ཤུལ་ལུ་ ཡུམ་སྒྱུ་མ་ལྷ་མཛེས་ གཤགས་སོཔ་ཨིན་པས།

སངས་རྒྱས་ཀྱིས་ཡུམ་ལུ་ དྲིན་ལན་འཇལ་ནིའི་ ཐུགས་བཞེད་ག་དེ་སྦེ་གནང་རུང་ མཛད་ཐབས་ཅིག་ གཞན་ག་ནི་ཡང་ མ་བྱུང་པར་ལུསཔ་ལས་ ཤུལ་མར་ ཡུམ་སྒྱུ་མ་ལྷ་མཛེས་ སྟེང་ལྷ་ཡུལ་སུམ་ཅུ་ རྩ་གསུམ་པའི་ལྷ་གནས་ལུ་ སྐྱེ་བ་བཞེས་ཏེ་ བཞུགས་ཡོདཔ་མཁྱེན་ཆི་ནུག། 

སངས་རྒྱས་ཁོ་ར་ མངོན་པར་རྫོགས་པར་སངས་རྒྱས་ཏེ་ ལོ་དྲུག་གི་ཤུལ་ལུ་ དགུང་ལོ་༤༡ བཞེས་པའི་ རང་ཟླ་༦ པའི་ ཚེས་༡༥ ལུ་ ལྷ་ཡུལ་སུམ་ཅུ་རྩ་གསུམ་ལུ་ ཡུམ་གྱི་དྲིན་ལན་འཇལ་ནིའི་དོན་ལུ་ ཆོས་གསུང་པར་ བྱོན་ཡོདཔ་ཨིན་པས།

ཚེས་༡༦ ལས་འགོ་བཟུང་སྟེ་ སྐྱེད་ཚལ་ཀོ་བི་ ད་རའི་དྲུང་དུ་ དབྱར་གནས་ཟླཝ་གསུམ་བཞུགས་པར་ ཞལ་བཞེས་མཛད་དེ་ ལ་བ་དཀར་པོའི་ རྡོ་ལེབ་ཀྱི་ཐོག་ལུ་ བཞུགས་ཞིནམ་ལས་ ཡུམ་གྱིས་གཙོས་པའི་ ལྷ་དང་ལྷ་མོ་ཚུ་ལུ་ ཆོས་འཁོར་བསྐོར་སྦེ་བཞུགས་ནུག།

དེ་བསྒང་ འཇིག་རྟེན་མི་ཡུལ་ལུ་ མིའི་འཁོར་དགེ་བསྙེན་ཕ་མ་གཉིས་དང་ དགེ་སློང་ཕ་མ་གཉིས་ཏེ་ འཁོར་རྣམ་པ་བཞི་དང་ སྦྱིན་བདག་ཆོས་རྒྱལ་གཟུགས་ཅན་སྙིང་པོ་སོགས་ སངས་རྒྱས་མཇལ་བའི་ གོ་སྐབས་མ་ཐོབ་པར་ མུན་པའི་བསྐལ་པ་བཟུམ་ཅིག་ནང་ སྡོད་དགོཔ་བྱུང་ནུག། 

ག་རང་གིས་ ཉན་ཐོས་མཆོག་ ཟུང་གཉིས་ལུ་ཞུཝ་ད་ ཤཱ་རི་བུ་གིས་ མངོན་ཤེས་ཀྱིས་གཟིགས་ཏེ་ སངས་རྒྱས་ལྷ་ཡུལ་ལུ་ བཞུགས་ཡོདཔ་ མཁྱེན་ཞིནམ་ལས་ རྫུ་འཕྲུལ་གྱི་མཆོག་ཏུ་གྱུར་པ་ མོའུ་འགལ་གྱི་བུ་ལུ་ ག་རང་གིས་ སངས་རྒྱས་ལོག་སྟེ་ མི་ཡུལ་ལུ་ གདན་འདྲེན་ཞུ་བར་འབྱོན་གནང་དགོཔ་སྦེ་ གསོལཝ་བཏབ་ནུག། 

མོའུ་འགལ་གྱི་བུ་གིས་ ཟླ་༩ པའི་ཚེས་༡༥ ལུ་ ལྷ་ཡུལ་སུམ་ཅུ་རྩ་གསུམ་ལུ་བྱོན་ཏེ་ སངས་རྒྱས་ལུ་ གསོལ་བ་བཏབཔ་ད་ སངས་རྒྱས་ཀྱིས་ཡང་ ཞག་བདུན་གྱི་ཤུལ་ལུ་ འཛམ་བུ་གླིང་ལུ་ ལོག་འབྱོན་ནི་གི་ ཞལ་བཞེས་མཛད་གནང་ནུག། 

དེ་བཞིན་དུ་ སངས་རྒྱས་བཅོམ་ལྡན་འདས་ཀྱིས་ རང་ཟླ་༩ པའི་ཚེས་༢༢ ལུ་ མི་ཡུལ་ལུ་ བྱོན་ནི་འབདཝ་ད་ ལྷ་ཡི་དབང་པོ་བརྒྱ་བྱིན་གྱིས་ དབུས་སུ་བཻ་ཌཱུརྱའི་བད་སྐས་རིངམོ་ཅིག་དང་ གཡས་ཁ་ཐུག་ གསེར་གྱི་བད་སྐས་རིངམོ་ཅིག་ གཡོན་ཁ་ཐུག་ལུ་ དངུལ་གྱི་ བད་སྐས་རིངམོ་ཅིག་བཙུགས་སྦེ་ ཕུལ་མི་གི་ དབུས་ཀྱི་བད་སྐས་ལས་ སངས་རྒྱས་བཅོམ་ལྡན་འདས་དང་ གཡས་ཀྱི་བད་སྐས་ལས་ ལྷ་ཚངས་པ་གིས་ རྔ་ཡབ་དཀར་པོ་ བཅོམ་ལྡན་འདས་ལུ་ བསིལ་ཡབ་ཕུལ་ཡོདཔ་ཨིན་པས།

གཡོན་གྱི་བད་སྐས་ལས་མར་ ལྷའི་དབང་པོ་བརྒྱ་བྱིན་གྱིས་ གདུགས་དཀར་པོ་ བཅོམ་ལྡན་འདས་ཀྱི་ དབུ་ལུ་ཕུལ་བཞིན་དུ་ འཁོར་ལྷ་དང་ལྷ་མོ་ཚུ་གིས་ མཆོད་པའི་སྤྲིན་དང་བཅས་ཏེ་ གྲོང་ཁྱེར་ཤཱང་ཀ་ཤའི་འགྲམ་དུ་ མེ་ཏོག་ཨུ་དུམ་ཝ་རའི་ནགས་ཚལ་ནང་ འཁོར་ལྷ་དང་མི་ཚུ་ག་ར་ འཛོམས་སར་བབས་ཏེ་བྱོན་ནུག། 

དེ་བསྒང་ འཁོར་རྣམ་པ་བཞི་དང་ རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་སོགས་པ་ མིའི་གདུལ་བྱ་ཚུ་ག་ར་ དགའ་སྤྲོ་ཚད་མེད་ངང་ལས་ ཕེབས་བསུ་དང་ ཕྱག་དང་བསྐོར་བ་ གསོལ་འདེབས་ དེ་ལས་ བསྙེན་ཀུར་ཞབས་ཏོག་ཚད་མེད་པར་ ཞུཝ་མ་ཚད་ ཉིནམ་དེ་ལུ་ མ་འོངས་པའི་སེམས་ཅན་ཚུ་ དགེ་བ་དང་ བསོད་ནམས་གསོག་པའི་ དུས་ཆེན་བཟང་པོ་ཅིག་སྦེ་ བྱིན་གྱིས་བརླབས་གནང་ནུག།

དེ་འབད་ནི་འདི་གིས་ གཞུང་གིས་ཡང་ རྒྱལ་ཁབ་ཀྱི་ མི་སེར་ཚུ་གི་དོན་ལུ་ སངས་རྒྱས་བཅོམ་ལྡན་འདས་ལུ་ གསོལ་བ་བཏབ་ནི་དང་ ཕྱག་མཆོད་སྦྱིན་གཏོང་དང་ དགེ་བ་སོགས་བསྒྲུབ་ནིའི་དོན་ལུ་ ངལ་གསོ་སྦེ་ བཞག་གནངམ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་མེད་པའི་དཀའ་ངལ།

༉ ཀྲོང་གསར་རྫོང་ཁག་ སྟངས་སི་སྦྱིས་རྒེད་འོག་ ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་ ཚངམ་སྦེ་མེདཔ་ལས་ མི་སེར་ཚུ ལཱ་ཁག་རྐྱབ་དོ་ཡོདཔ་ཨིན་པས། དུར་ཁྲོད་ནང་ འཐུང་ཆུ་དང་ གློག་མེ་ གསང་སྤྱོད་ དེ་ལས་ ཐབ་ཚང་ཚུ་མེདཔ་ལས་ …

Leave a Reply

Your email address will not be published. Required fields are marked *