རཀྴ་དམངས་འཆམ་རྐྱབ་པའི་བསྒང་།

སྟོདཔ་མི་སེར་ཚུ་གིས་ ཚེས་བཅུ་བརྩི་སྲུང་ཞུ་མི་དེ་ ཚུལ་ཙམ་ཅིག་ལུ་གནས་ཡོདཔ།

༉ ཐིམ་ཕུག་ལྷུང་མཚོ་ལུ་ སྤུ་ན་ཁ་སྟོད་པའི་ས་ མི་སེར་ཚུ་གིས་ ཚེས་བཅུ་ཟེར་ ཕན་བདེ་ཁ་མཆོདཔ་ ལོ་བསྟར་བཞིན་དུ་ འགོ་འདྲེན་འཐབ་སྲོལ་ཡོད་རུང་ མཆོདཔ་དེ་ ཚུལ་ཙམ་ཅིག་ར་ཨིན་པས།
ཕན་བདེ་ལྷ་ཁང་ནང་ བརྩི་སྲུང་ཞུ་མི་ ལོ་བསྟར་ཚེས་བཅུ་ཉིན་གྲངས་༣ འབད་མི་དེ་ ཁ་ཙ་ གྲོལ་ཡོདཔ་ད་ འཆམ་རྐྱབ་མི་ག་ར་ སྟོདཔ་ཕན་བདེ་ཁའི་ མི་སེར་ཚུ་ཨིན་པས།
ལྕང་རྒཔོ་བཀའ་འགྱུར་གྱིས་ སླབ་མིའི་ནང་ ཧེ་མ་འབད་བ་ཅིན་ ལྷུང་མཚོ་དེ་ སྟོད་པའི་ས་རྒེད་འོག་གི་ འོག་ལུ་ཨིནམ་བཞིན་དུ་ ས་གནས་ཀྱི་ མི་སེར་ཚུ་ གནམ་དགུན་ལུ་ སྟོད་པའི་ས་དང་ གནམ་བྱཱར་ལུ་ ཕན་བདེ་ཁ་ལུ་ སྡོད་དོ་ཡོདཔ་ལས་ མཆོདཔ་དེ་ཡང་ དུས་དང་ཕུ་ལས་ར་ ཁོང་གིས་ འགོ་འདྲེན་འཐབ་ སྡོད་ནུག་ཟེར་ཨིན་པས།
ལྷ་ཁང་དེ་ སྤྱི་ལོ་༢༠༠༥ དེ་ཅིག་ལས་ ཐིམ་ཕུག་ལྕང་རྒེད་འོག་གིས་ རྩིས་ལེན་པའི་ཤུལ་ལུ་ ལྷ་ཁང་གི་གདོང་ཁར་ཡོད་མི་ ཐང་ཆུང་ཀུ་དེ་ རྒེད་འོག་གནང་བྱིན་མ་དངུལ་གྱི་ཐོག་ལས་ དངུལ་ཀྲམ་འབུམ་༦ དེ་ཅིག་ ཟད་འགྲོ་བཏང་ཐོག་ལས་ ཐང་སྦོམ་བཟོ་ཡི་ཟེར་ཨིན་པས།
ལྕང་རྒཔོ་གིས་འབད་བ་ཅིན་ དེ་བསྒང་ དང་ཕུ་ལས་ རྐྱབ་སྲོལ་ཡོད་མི་ འཆམ་གྱི་རིགས་ཚུ་ཡང་ ཉམས་སོཔ་ལས་ ཚུལ་བཟུམ་ཅིག་ལུ་ གནས་ཡོད་མི་དེ་ ལེགས་བཅོས་འབད་དགོཔ་ཡོད་ཟེར་ཨིནམ་ད་ མཆོདཔ་དེ་ སྟོད་པའི་ས་དང་ ལྕང་རྒེད་འོག་༢ ཀྱིས་ འགོ་འདྲེན་འཐབ་ཨིན་པས།
ལེགས་བཅོས་འབད་ནིའི་དོན་ལུ་ ཚོགས་པ་ཅིག་ གཞི་བཙུགས་འབད་དེ་ སྟོད་པའི་ས་རྒཔོ་དང་ སྤུ་ན་ཁ་རྫོང་ཁག་ཚོགས་འདུའི་ ཁྲི་འཛིན་ལུ་ གྲོས་གཞི་བཙུགས་འོང་ཟེར་ཨིན་པས།
རྒཔོ་བཀའ་འགྱུར་གྱིས་ སླབ་མིའི་ནང་ སྐུ་འཆམ་ཚུ་ མཇལ་བའི་སྐབས་ འཆམ་གྱི་ལེའུ་ཚུ་ མ་འདྲཝ་ཡོད་པའི་ཁར་ ཐིམ་ཕུག་སྒྲུབ་མཆོད་དང་ ཚེས་བཅུ་ལ་སོགས་པ་ འགོ་མ་བཙུགས་པའི་ཧེ་མ་ལས་ ལྷ་ཁང་དེ་ནང་ མཆོདཔ་དེ་ འགོ་བཙུགས་ཡོད་པའི་ ལོ་རྒྱུས་འདུག་ཟེར་ཨིནམ་ད་ ཕན་བདེ་ཁ་མཆོདཔ་དེ་ བྱིན་རླབས་ཅན་ཨིན་མི་ལུ་བརྟེན་ དགའ་སྟོན་དེ་ ལྷ་ཁང་དེ་ནང་ལས་ འགོ་བཙུགས་ཞིནམ་ལས་ དབང་འདུས་ཉི་ཟེར་སྒང་ལུ་ མཇུག་བསྡུཝ་ཨིནམ་སྦེ་ སླབ་ནི་ཡོད་ཟེར་ བཤདཔ་ཨིན་པས།


དོ་དམ་བློ་གྲོས་ཀྱིས་ སླབ་མིའི་ནང་ དང་ཕུ་ཕ་མའི་སྐབས་ལས་ར་ ལྷ་ཁང་དེ་ནང་འོང་སྟེ་ མཆོདཔ་བརྩི་སྲུང་འབད་ནིའི་ སྲོལ་ཡོདཔ་བཞིན་དུ་ ག་དེམ་ཅིག་སྦེ་ ལྷོད་མ་ཚུགས་པ་ཅིན་ རྐྱེན་ངན་ལ་སོགས་པ་ འབྱུང་ནི་ཡོདཔ་མ་ཚད་ དེ་བསྒང་ ཤ་ཕུད་ཟེར་ མཆོདཔ་གི་སྦྱིན་བདག་ཕོག་མི་དེ་གིས་ ཕགཔ་བསད་ཞིནམ་ལས་ ལགཔ་གཡསཔ་བཏོགས་ཏེ་ འབག་འོང་དགོ་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཤ་ཕུད་དེ་ འབག་འོང་མི་ མི་དེ་ལུ་ སྒྲིབ་ཕོག་ཕོགཔ་དང་ ཡང་ཅིན་ ལམ་ཁར་མི་སྒྲིབ་ཕོག་མི་དང་ཕྱད་རུང་ མ་བཏུབ་མི་དེ་ཡང་ ཤ་ཕུད་འབག་མི་དེ་ལུ་ སྐྱོན་བར་ཆད་འབྱུང་ནི་ཡོད་པའི་ཁར་ གལ་སྲིད་ དེ་འཕྲོ་ལས་ སྐྱོན་མ་འབྱུང་རུང་ ལོ་༡ དེ་ཅིག་གི་ཤུལ་ལས་ འབྱུང་ནི་ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ སྤྱི་ལོ་༢༠༠༧ དེ་ཅིག་ལས་ ལྷ་ཁང་དེ་ གཞུང་གྲྭ་ཚང་ལུ་ ཕུལ་ཡོདཔ་ལས་ ཤ་ཕུད་དེ་ བསྐྱལ་མི་དགོ་ཟེར་ཨིནམ་ད་ མཆོདཔ་གི་སྐབས་ ཞྭ་ནག་རྔ་འཆམ་དང་ རཀྴ་དམངས་འཆམ་ རྔ་འཆམ་ལ་སོགས་པ་ རྐྱབ་ནི་ཡོད་རུང་ ལེའུ་ཚུ་ག་ཏེ་གི་ འཆམ་དང་ཡང་ མི་འདྲ་ཟེར་ཨིན་པས།
མཆོད་པའི་སྐབས་ ག་ནི་བ་ བྱིན་རླབས་ཅན་གྱི་ སྟག་དང་དོམ་གྱི་ འཆམ་རྐྱབ་ནི་ཡོད་མི་དེ་ཡང་ ལྷ་ཁང་གི་བླམ་ བསམ་གཏན་རྡོ་རྗེ་གིས་ སླབ་མིའི་ནང་ བླམ་སྟོང་སྡེ་ཉི་ཟླ་ཡེ་ཤེས་ ལྷ་ཁང་གི་ལྟག་ལུ་ གངས་རི་དེ་ཁར་ སྒྲུབ་པ་གནང་བཞུགསཔ་ད་ སྟག་དང་དོམ་༢ ཀྱིས་ བླམ་གི་སྐུ་མདུན་ལུ་ འཆམ་བཟུམ་ཅིག་ རྐྱབ་ཡོད་མི་དེ་ བླམ་དེ་གིས་ ཐུགས་ཁར་བསྣམས་ཏེ་ ཤུལ་ལས་ འཆམ་དེ་ གཞི་བཙུགས་གནང་ནུག་ཟེར་ཨིན་པས།
ད་རེས་ གླང་བཞིཔོ་གི་འཆམ་ བྱ་ཁྱུང་དང་ སེངྒེ་དཀར་མོའི་འཆམ་ དེ་ལས་ ཤཝ་ཤ་ཁྱི་ལ་སོགས་པ་ཚུ་ རྐྱབ་ནི་མེདཔ་ད་ རྒཔོ་བཀའ་འགྱུར་གྱིས་ སླབ་མིའི་ནང་ འཆམ་དེ་ སྟོན་བྱིན་པ་ཅིན་ ལྕང་རྒེད་འོག་གི་ མི་ག་ར་ལུ་ སྤྲོ་བ་ཡོདཔ་ཨིན་རུང་ ཧེ་མ་ལས་ སྟོདཔ་ཕན་བདེ་ཁའི་ མི་ཚུ་གིས་ འགོ་འདྲེན་འཐབ་ཡོདཔ་ལས་ ཁེ་རྒུད་བཏུབ་མ་བཏུབ་ཡང་ བལྟ་དགོ་ཟེར་ཨིན་པས།
མཆོདཔ་གི་སྐབས་ དེ་ཁའི་གནསཔ་ གཡག་གསརཔ་དེ་ ཕྱི་ཁར་བཏོན་ཞིནམ་ལས་ སྙན་དར་ཕུལཝ་ད་ མི་ཚུ་གི་ མིང་བཏོན་ཏེ་ ཕུལ་དོ་ཡོདཔ་ད་ དེ་བཟུམ་སྦེ་ མིང་བཏོན་ཏེ་ ཕུལ་མི་དེ་ མཆོདཔ་དེ་ནང་ སྟོདཔ་ཕན་བདེ་ཁའི་ མི་ཚུ་ ལྷོད་ཅི་ཟེར་བའི་ ཁུངས་ཨིན་ཟེར་ བློ་གྲོས་ཀྱིས་ བཤདཔ་ཨིན་པས།
གནསཔ་དེ་ ཐིམ་ཕུག་གི་ མི་ཚུ་གིས་ཡང་ བསྟེན་དོ་ཡོད་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག།

About admin

Check Also

དངུལ་ཁང་ཚུ་གིས་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ ཆ་མེད་བཏང་དོ་ཡོདཔ།

༉ ལྟ་བཤལཔ་ཚུ་གིས་ ཚར་ལེ་ཤ་ཅིག་ཁར་ འབྲུག་ལུ་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ སྐྱོད་ཐམ་དང་ ཡུན་བརྟན་གོང་འཕེལ་གྱི་འཐུས་ བཏབ་ནིའི་དོན་ལུ་ དཔའ་བཅམ་ཡོད་རུང་ བརྗེ་སོར་འབད་མི་བཏུབ་དོ་ཡོདཔ་ལས་ ལྟ་བཤལཔ་ཚུ་ རྣམ་རྟོག་ལང་རུང་ འབད་ཐབས་གཞན་མེདཔ་ཨིན་པས། རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ དངུལ་བརྒྱ་ཆ་༥༠ …

Leave a Reply

Your email address will not be published. Required fields are marked *