དངུལ་བཏོན་འཕྲུལ་ཆས་ ཨེ་ཊི་ཨེམ་ཞབས་ཏོག་ གཞི་བཙུགས་འབད་ནིའི་དོན་ལུ་ ཁྱིམ་ཆུང་ཅིག་ བཟོ་སྐྲུན་འབད་བའི་བསྒང་།

སྟོད་ཚོ་དང་ ཁམས་དྭངས་རྒེད་འོག་ནང་ དངུལ་བཏོན་འཕྲུལ་ཆས་ གཞི་བཙུགས་འབད་ནི།

༉ ཧེ་མ་འབད་བ་ཅིན་ བཀྲིས་གཡང་རྩེ་ སྟོད་ཚོ་དང་ ཁམས་དྭངས་རྒེད་འོག་གི་ མི་ཚུ་གི་དོན་ལུ་ དངུལ་བཏོན་འཕྲུལ་ཆས་ ཨེ་ཊི་ཨེམ་གྱི་ ཞབས་ཏོག་མེད་པའི་ དཀའ་ངལ་བྱུང་ཡོད་རུང་ ད་རེས་ནངས་པར་ འབྲུག་དངུལ་ཁང་གིས་ ཞབས་ཏོག་གཞི་བཙུགས་འབད་དོ་ཡོདཔ་ལས་ དཀའ་ངལ་སེལ་ཚུགས་ནི་ཨིན་པས།
དོག་གསུམ་ཡན་ལག་ཁྲོམ་སྡེའི་ངོ་ཚབ་ སངས་རྒྱས་ཕུན་ཚོགས་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ ཧེ་མ་ རྒེད་འོག་དེ་༢ ཀྱི་དོན་ལུ་ ཡན་ལག་ཁྲོམ་ནང་ དངུལ་ཁང་ཅིག་ཡང་མེདཔ་ལས་ གློ་བུར་དུ་ ཏི་རུ་དགོཔ་ཁག་ཆེ་བའི་སྐབས་ བཀྲིས་སྒང་དང་ ཡང་ཅིན་ བཀྲིས་གཡང་རྩེ་ཁྲོམ་ཁར་ འགྱོ་དགོ་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཁྲོམ་དེ་ནང་ དངུལ་ཁང་གི་ ཞབས་ཏོག་མེད་པའི་ཧེ་མར་ འབྲུག་བརྒྱུད་འཕྲིན་གྱི་ ཞབས་ཏོག་དེ་ ལྷོད་ཅི་ཟེར་ཨིནམ་ད་ ཤུལ་ལས་ འབྲུག་གི་དངུལ་ཁང་དང་ འབྲུག་གོང་འཕེལ་དངུལ་ཁང་གི་ ཞབས་ཏོག་ལྷོད་མི་ལུ་བརྟེན་ ཏི་རུ་བཏོན་ནི་དང་འབྲེལ་བའི་ལཱ་ཚུ་ལུ་ ཕན་ཐོགས་བྱུང་ཡི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཞབས་ཏོག་དེ་ལུ་བརྟེན་ རེས་གཟའ་མིག་དམར་ལས་ ཉི་མ་ཚུན་ཚོད་ ཏི་རུ་བཏོན་ནི་ལུ་ ཕན་ཐོགས་བྱུང་ཡོད་རུང་ འཕྲལ་འཕྲལ་སྦེ་ར་ རེས་གཟའ་ཟླ་བ་ལུ་ ཏི་རུ་ཁག་ཆེཝ་ཐོནམ་ད་ དངུལ་ཁང་ཚུ་ སྒོ་བསྡམས་བཞག་དོ་ཡོདཔ་ལས་ དཀའ་ངལ་བྱུངམ་མས་ཟེར་ཨིན་པས།
ཨིན་རུང་ ད་རེས་ འབྲུག་གི་དངུལ་ཁང་གིས་ ཨེ་ཊི་ཨེམ་ཞབས་ཏོག་ གཞི་བཙུགས་འབད་དོ་ཡོདཔ་ལས་ རེས་གཟའ་ཟླ་བ་ལུ་ དཀའ་ངལ་ཐོན་དོ་ཡོད་མི་དེ་ཡང་ སེལ་ཚུགས་ནི་མས་ཟེར་ཨིནམ་ད་ དངུལ་ཁང་དང་ ཨེ་ཊི་ཨེམ་གྱི་ ཞབས་ཏོག་༢ ཀྱི་བར་ནའི་ ཁྱད་པར་དེ་ཡང་ དངུལ་ཁང་ཚུ་ནང་ དུས་ཡུན་འགོར་དོ་ཡོདཔ་ད་ ཨེ་ཊི་ཨེམ་ནང་ལས་འབད་བ་ཅིན་ དུས་ཡུན་ཐུང་ཀུ་ཅིག་ནང་ ཞབས་ཏོག་དེ་ སྤྱོད་ཚུགས་པས་ཟེར་ཨིན་པས།
སངས་རྒྱས་ཕུན་ཚོགས་ཀྱིས་ སླབ་མིའི་ནང་ དེ་བཟུམ་སྦེ་ སྟོད་ཚོ་དང་ ཁམས་དྭངས་རྒེད་འོག་གི་དོན་ལས་ སྣུམ་འཁོར་ཚུ་ལུ་ མར་ཁུ་བླུག་སའི་ ས་གོ་མེད་པའི་ དཀའ་ངལ་ཡོད་རུང་ ས་སྣུམ་བཀྲམ་སྤེལ་ཁང་ བཟོ་སྐྲུན་འབད་ནིའི་དོན་ལུ་ ས་ཁོངས་ཚུ་ཡང་ ངོས་འཛིན་འབད་དེ་ གཏན་འཁེལ་སོང་ཡོདཔ་ལས་ འཕྲལ་མགྱོགས་ར་ གཞི་བཙུགས་འབད་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
གླ་འཁོར་དེད་གཡོགཔ་ ཀརྨ་གིས་ སླབ་མིའི་ནང་ ཁོ་ར་ བཀྲིས་སྒང་ལྕགས་ཟམ་ལུ་ སྡོད་དོ་ཡོད་རུང་ འཕྲལ་འཕྲལ་ འགྲུལ་པ་ཚུ་ཐོབ་པའི་སྐབས་ དེ་ཁར་ལས་ཕར་ འགྱོ་དགོཔ་ལས་ ཏི་རུ་བཏོན་དགོཔ་ཐོནམ་ད་ དངུལ་ཁང་ནང་ བསྒུག་སྡོད་དགོཔ་ཐོན་དོ་ཡོད་རུང་ ད་ལས་ཕར་ དེ་བཟུམ་སྦེ་ སྡོད་མ་དགོ་པའི་ ཕན་ཐོགས་འབྱུང་ནི་མས་ཟེར་ཨིན་པས།
སློབ་གྲྭའི་སློབ་དཔོན་ ཕུར་པ་གིས་ སླབ་མིའི་ནང་ ཁོ་ར་ ཡན་ལག་ཁྲོམ་སྡེའི་ སློབ་གྲྭ་ཅིག་ནང་་དབུ་འཛིན་སྦེ་ ཕྱག་ཞུ་དོ་ཡོདཔ་ད་ འཕྲལ་འཕྲལ་ གཞུང་དོན་དུ་ མ་དངུལ་རེ་ བཏོན་དགོཔ་ཐོནམ་ད་ དངུལ་ཁང་ཚུ་ནང་ དུས་ཡུན་འགོར་དོ་ཡོད་རུང་ ཨེ་ཊི་ཨེམ་གྱི་ཞབས་ཏོག་སྤྱོད་པར་ བཀྲིས་སྒང་དང་ བཀྲིས་གཡང་རྩེ་ལུ་ འགྱོ་མི་ཚུགས་དོ་ཡོདཔ་ལས་ བྱ་ཐབས་མེད་པར་ དུས་ཚོད་འགོར་རུང་ དངུལ་ཁང་ནང་ལས་ར་ བཏོན་དགོ་པས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ད་ལས་ཕར་ འབྲུག་གི་དངུལ་ཁང་གིས་ ཞབས་ཏོག་གཞི་བཙུགས་ཀྱི་དོན་ལུ་ ལཱ་ཚུ་འབད་བའི་བསྒང་ཡོདཔ་ལས་ དེ་བཟུམ་མའི་ དཀའ་ངལ་མི་འབྱུང་ནི་ད་ ས་སྣུམ་བཀྲམ་སྤེལ་ཁང་ཡང་ གཞི་བཙུགས་འབད་ནི་ཨིནམ་ལས་ ལྷག་པར་དུ་ སེམས་དགའ་ཡི་ཟེར་ཨིན་པས།
ད་རེས་ ཨེ་ཊི་ཨེམ་ཞབས་ཏོག་ གཞི་བཙུགས་འབད་ནིའི་དོན་ལུ་ ཁྱིམ་ཆུང་ཀུ་ཅིག་ བཟོ་སྐྲུན་འབད་བའི་བསྒང་ཡོདཔ་ད་ དེ་གི་དོན་ལུ་ འབྲུག་གི་དངུལ་ཁང་གི་ འབྲེལ་ཡོད་འགོ་དཔོན་དང་གཅིག་ཁར་ འབྲེལ་བ་འཐབ་ནིའི་ དཔའ་བཅམ་རུང་ འབྲེལ་བ་འཐབ་མ་ཚུགས་པའི་གནས་ཚུལ།

བསམ་གྲུབ་ལྗོངས་མཁར་ལས་ སྐལ་བཟང་དབང་ཕྱུག།

About admin

Check Also

རྒྱ་ཚ་སྦིས་ལུ་ ཆུ་རུད་ཐོན་མིའི་ནང་ མི་༢ ལུ་ ཤི་རྐྱེན་དང་༣ འཚོལ་བའི་བསྒང་ཡོདཔ།

༉ ཁ་ཙ་ དྲོ་པའི་ཆུ་ཚོད་༢ དང་ སྐར་མ་༣༠ དེ་ཅིག་ཁར་ ལྷུན་རྩེ་ཀུར་སྟོད་རྒེད་འོག་ རྒྱ་ཚ་སྦིས་གཡུས་ཚན་ནང་ ཆུ་རུད་ཐོན་མི་དེ་གིས་ མི་༧ འཕྱགས་བདའ་ཡོདཔ་བཞིན་དུ་ ཉེན་སྲུང་སྡེ་ཚན་གྱིས་ ཕོ་སྐྱེས་༡ དང་ ཨམ་སྲུ་༢ …

Leave a Reply

Your email address will not be published. Required fields are marked *