༉ མོང་སྒར་ཚོད་བསྲེ་བཙོང་ཁང་ནང་ གཏན་འཇགས་སྦེ་ ནང་འཁོད་ལས་ ཐོན་སྐྱེད་འབད་མི་ ཚོད་བསྲེའི་རིགས་ཚུ་ བཙོང་སྡོད་མི་ ཨམ་སྲུ་༡༣ དང་ ཕོ་སྐྱེས་༡ གིས་ རྫོང་ཁག་ཚོགས་འདུའི་ གྲོས་ཆོད་དང་བསྟུན་ སྤྱི་ཟླ་༨ པའི་ཚེས་༣༡ ལུ་ སྟེང་ཐོག་ལས་ འོག་ཐོག་ལུ སྤོ་བཤུད་འབད་ཡོདཔ་ཨིན་པས།
སྤྱི་ཟླ་༨ པའི་ཚེས་༣༡ ལས་འགོ་བཙུགས་ཏེ་ ས་གོ་སྤོ་བཤུད་འབད་མི་ཚུ་གིས་ ནང་འདྲེན་འབད་མི་ ཚོད་བསྲེ་ཚུ་ བཙོང་སྡོད་མི་ ཨམ་སྲུ་༩ དང་གཅིག་ཁར་ ཚོང་བཙོང་ནིའི་ས་གོ་ཚུ་ ཁྲོམ་སྡེ་གིས་ བགོ་བཀྲམ་འབད་ནུག།
ས་གོ་སྤོ་བཤུད་འབད་མི་ ཨམ་སྲུ་ཚུ་གིས་ སླབ་མིའི་ནང་ རྣམ་རྟོག་དཔྱད་རིག་མེད་པར་ དུས་ཅི་ ཁྲོམ་སྡེ་གིས་ ས་གོ་སྤོ་བཤུད་འབད་བཅུག་པའི་ གནད་དོན་དེ་ ག་ཅི་སྦེ་ཨིན་ན་ ཧ་གོ་མ་ཚུགསཔ་མ་ཚད་ ཁེ་རྒུད་མི་བཏུབ་པས་ཟེར་ ཨིན་པས།
སྐྱེས་ལོ་༢༨ ལང་མི་ བསོད་ནམས་ཆོས་སྐྱིད་ཀྱིས་ སླབ་མིའི་ནང་ གཏན་འཇགས་ཀྱི་ ཚོང་པ་ཚུ་གིས་ཡང་ ནང་འཁོད་ལས་ ཐོན་སྐྱེད་འབད་མི་ ཚོད་བསྲེའི་རིགས་དང་ འབྲུ་སྣའི་རིགས་ གེ་ཟ་ཁ་རང་ སྲིབ་ ཨེ་མ་ཚུ་ བཙོང་པའི་ཁར་ དེ་ཚུ་ཡང་ མི་སེར་སོ་ནམ་པ་ཚུ་ལས་ ཉོ་བཞག་སྟེ་ མི་སེར་ཚུ་ལུ་ ཞབས་ཏོག་བཟུམ་ཅིག་སྦེ་ བྱིན་དོ་ཟེར་ཨིན་པས།
ཨིན་རུང་ དུས་ཅི་ སྤོ་བཤུད་འབད་མི་དེ་གིས་ ད་ལས་ཕར་ དངུལ་གྱི་འོང་འབབ་ ག་དེ་སྦེ་བཟོ་ཚུགས་ནི་ཨིན་ན་ མ་ཤེས་པའི་ཁར་ སློབ་གྲྭ་ནང་འགྱོ་མི་ ཨ་ལུ་༣ ག་དེ་སྦེ་ གསོ་ཚུགས་གའི་ ཚ་གྱང་ལངམ་མས་ཟེར་ཨིནམ་ད་ དེ་ཡང་ ལོ་༤ གི་ཧེ་མ་ རྨགཔ་དང་ ཁ་བྱལ་སོང་བའི་ཤུལ་ལས་ ཚོད་བསྲེ་བཙོང་ སྡོད་ཅི་ཟེར་ སླབ་ཨིན་པས།
ཨ་ལུ་༢ ཀྱི་ཨའི་ བསོད་ནམས་ཆོས་སྒྲོན་གྱིས་ སླབ་མིའི་ནང་ ཚོད་བསྲེ་བཙོང་ཁང་དེ་ མི་སེར་ཚུ་གིས་ འབད་བ་ཅིན་ ཚོད་བསྲེ་བཙོང་མི་ཚུ་ཡང་ མི་སེར་ཨིནམ་ལས་ སྟེང་ཐོག་ལས་ འོག་ཐོག་ལུ་ སྤོ་བཤུད་འབད་དགོཔ་ཅིག་ མ་མཐོང་ཟེར་ཨིན་པས།
མོ་གིས་ སླབ་མིའི་ནང་ མི་སེར་སོ་ནམ་པའི་ ཚོད་བསྲེ་བཙོང་ནིའི་དུས་ཚོད་དེ་ རྫོགས་པའི་སྐབས་ མི་ཕུད་རྡོག་གཅིག་ཡང་ ཚོད་བསྲེ་བཙོང་པར་ མི་ལྷོད་ཟེར་ཨིནམ་ད་ དེ་བསྒང་ སྟེང་ཐོག་དེ་ སྒོ་བསྡམ་སྦེ་ བཞག་ནི་ཨིན་ན་ཟེར་བའི་ བསམ་འཆར་བཀོད་པའི་ཁར་ སོ་ནམ་པ་ཚུ་གིས་ ད་ལྟོ་ཡོད་པའི་ ས་ཁོངས་དེ་ར་ ལེགས་ཤོམ་སྦེ་ ལག་ལེན་འཐབ་མ་བཏུབ་པར་ ཡོད་ཟེར་ཨིན་པས།
སྐྱེས་ལོ་༣༦ ལང་མི་ ཚེ་བརྟན་བཟང་མོ་གིས་ སླབ་མིའི་ནང་ ལོ་༧ ལྷགཔ་ཅིག་གི་རིང་ ཚོད་བསྲེ་བཙོང་མི་ལུ་བརྟེན་ བཟའ་ཚང་འཚོ་སྐྱོང་འཐབ་ནི་ལུ་ དཀའ་ངལ་ག་ནི་ཡང་ མ་འབྱུང་ཟེར་ཨིནམ་ད་ མོ་ར་ ཚོད་བསྲེ་བཙོང་དགོ་མི་དེ་ཡང་ རྨགཔ་དེ་ ལཱ་གཡོག་ཆུང་ཀུ་ཅིག་ལས་བརྒལ་ འབད་ནི་མེད་མི་ལུ་བརྟེན་ཨིན་ཟེར་ཨིན་པས།
ཨིན་རུང་ སྐྱེས་ལོ་༣༠ ལང་མི་ ཨྱོན་མཚོ་མོ་གིས་ སླབ་མིའི་ནང་ སྐྱིད་བདེ་མཁར་གཡུས་ཚན་ལས་ དྲོ་པ་ཧ་སག་ལས་ར་ ཚོད་བསྲེ་འབག་སྟེ་ བཙོང་ཁང་ནང་ལྷོད་རུང་ བཞག་ནིའི་ས་གོ་ འཐོབ་མ་ཚུགས་པའི་དཀའ་ངལ་ཡོད་མི་དེ་ ད་ལས་ཕར་ སེལ་ཚུགས་ནི་ཨིནམ་ལས་ སེམས་དགའ་ཡི་ཟེར་ཨིན་པས།
དེ་བཟུམ་སྦེ་ པདྨ་ཆོས་འཛོམས་ཀྱིས་ སླབ་མིའི་ནང་ གཡུས་ཁ་ལས་ འབག་འོང་མི་ ཚོད་བསྲེ་ཚུ་ཡང་ གཏན་འཇགས་ཚོད་བསྲེ་བཙོང་མི་ཚུ་དང་གཅིག་ཁར་ བཙོང་སྡོད་པའི་སྐབས་ གོང་ཚད་ལེགས་ཤོམ་མ་འཐོབ་པའི་ དཀའ་ངལ་འབྱུང་ནི་ཡོད་ཟེར་ཨིན་པས།
ཁྲོམ་སྡེའི་ངོ་ཚབ་ རྣམ་རྒྱལ་རྡོ་རྗེ་གིས་ སླབ་མིའི་ནང་ ཚོད་བསྲེ་བཙོང་མི་༡༤ ས་གོ་སྤོ་བཤུད་འབད་བཅུག་མི་དེ་ རྫོང་ཁག་ཚོགས་འདུ་གིས་ གྲོས་ཆོད་བཏོན་མི་དང་བསྟུན་ཨིནམ་ད་ ད་ལས་ཕར་ སྟེང་ཐོག་ལུ་ སོ་ནམ་པ་ཚུ་གིས་ གཡུས་ཁ་ལས་འབག་འོང་མི་ ཚོད་བསྲེ་རྐྱངམ་གཅིག་བཙོང་ཐག་ཆོག་ནི་དང་ དེ་ཡང་ ད་རེས་ནངས་པར་བཟུམ་སྦེ་ ལམ་འགྱོ་སའི་ གཡས་གཡོན་ལས་ཕར་ བཞག་ནི་མེན་པར་ རྩི་ས་གི་བཟོ་མི་ གྱང་སྟེགས་ཚུ་གུ་ ཧིང་སངས་ས་སྦེ་ བླུགས་བཞག་དགོ་ཟེར་ཨིན་པས།
དྲོ་པ་ལས་ ཕྱི་རུ་ཚུན་ ཚོད་བསྲེ་བཙོང་ཁང་དེ་ སྒོ་ཕྱེ་བཞག་ནི་ཨིན་རུང་ ཕྱི་རུ་གནམ་བསྲོ་ཞིནམ་ལས་ ཚོད་བསྲེ་ག་ར་ འབག་སྟེ་ འགྱོ་དགོཔ་ཨིན་ཟེར་ཨིན་པས།
ཐོག་༢ པའི་ནང་ ནང་འཁོད་ཀྱི་ ཚོད་བསྲེ་བཙོང་མི་དང་ ནང་འདྲེན་ཀྱི་ ཚོད་བསྲེ་བཙོང་མི་བསྡོམས་ མི་སེར་༢༣ ཡོད་ཟེར་ཨིནམ་ད་ ཁོང་ཡང་ སྐྱིད་སྡུག་བཟུམ་སྦེ་ ཟླ་རིམ་བཞིན་དུ་ འཐུས་དངུལ་ཀྲམ་༡,༠༠༠ རེ་ ཁྲོམ་སྡེ་ལུ་ སྤྲོད་དགོཔ་ཨིན་རུང་ མི་སེར་ཚུ་ལས་ འཐུས་དུམ་གྲ་ཅིག་ཡང་ ལེན་ནི་མེདཔ་ཨིན་པས།
དེ་མ་ཚད་ གལ་སྲིད་ མི་སེར་ཚུ་ལས་ ཚོད་བསྲེ་ཐོན་སྐྱེད་འབད་ནི་མེད་པའི་སྐབས་ བཙོང་ཁང་དེ་ སྒོ་བསྡམ་བཞག་ནི་ཨིན་པའི་གནས་ཚུལ།
མོང་སྒར་ལས་ བཀྲིས་ཕུན་ཚོགས།