༉ ལྷུན་རྩེ་སྟག་སྐད་ལ་ ཨོ་རྒྱན་མདོ་སྔགས་འོད་གསལ་ཆོས་གླིང་བཤད་གྲྭའི་ ལོ་བསྟར་དབྱར་གནས་ འགོ་དང་པ་འཚོགས་མི་དེ་ ཁ་ཙ་ གྲོལ་ཡི།
འཛམ་གླིང་ནང་ ཨོ་རྒྱན་གུ་རུའི་སྐུ་འདྲ་ སྦོམ་ཤོས་ཅིག་ཨིན་མི་ མཐོ་ཚད་ཕིཊ་༡༤༨ འབད་མི་ གུ་རུ་སྣང་སྲིད་ཟིལ་གནོན་ཡོད་ས་ལུ་གཞི་བཙུགས་འབད་མི་ བཤད་གྲྭ་འགོ་བཙུགསཔ་དང་འབྲེལ་ དུས་ཅི་ རང་ཟླ་༦ པའི་ཚེས་༡༥ ལས་འགོ་བཙུགས་ དུས་ཡུན་ཟླཝ་ཕྱེད་དང་༢ ཀྱི་རིང་ དབྱར་གནས་སྲུང་ཡོདཔ་ཨིན་པས།
ཞིང་གཤེགས་མཁན་པོ་དཀར་པོ་མཆོག་གི་ དགོངས་བཞེད་དང་འཁྲིལ་ གཞི་བཙུགས་འབད་མི་ བཤད་གྲྭ་དེ་ ཤར་ཕྱོགས་རྫོང་ཁག་ཚུ་ནང་ལས་ མཁན་པོ་དང་ སློབ་དཔོན་ཞལ་གྲངས་༥ དང་ བཤད་གྲྭ་དང་ སློབ་གྲྭའི་དགེ་སློང་ཚུ་བརྩིས་ཏེ་ ཞལ་གྲངས་༨༠ དེ་ཅིག་ཡོདཔ་ད་ དེ་ཚུ་གི་གྲས་ལས་ མཐོ་རིམ་སློབ་གྲྭ་མཐར་འཁྱོལ་མི་དང་ སློབ་རིམ་༡༢ པ་དང་༡༠ མཐར་ཁྱོལ་མི་ཚུ་ཡང་ ཡོདཔ་ཨིན་པས།
བཤད་གྲྭ་དེ་ འཛིན་གྲྭ་༩ པ་ཚུན་ཚོད་ བཟོ་ནི་ཨིན་རུང་ ད་ལྟོ་ གཞི་བཙུགས་འབད་དེ་ འཛིན་གྲྭ་༢ པ་ཚུན་ཡོདཔ་ཨིན་པས།
གུ་རུའི་སྐུ་འདྲ་ཡོད་སར་ ད་རེས་ནངས་པར་ རྒྱལ་ཁབ་ནང་འཁོད་ཀྱི་ དད་ཅན་སྦྱིན་བདག་ཚུ་གིས་མ་དོ་བར་ ཕྱིའི་ལྟ་བཤལཔ་ཚུ་ཡང་ སྐུ་འདྲ་མཇལ་བར་འོང་ནི་ འགོ་བཙུགས་ཡོདཔ་ད་ ས་གནས་ཀྱི་མི་ཚུ་དང་འཁྲིལཝ་ད་ ལྟ་བཤལཔ་ཚུ་ཡང་ མང་ཤོས་ར་ གནམ་དགུན་དང་ བྱཱར་ལུ་འོང་དོ་ཡོདཔ་བཞིན་དུ་ ཟླ་རིམ་བཞིན་དུ་ མི་༢༠ དེ་རེ་ སྐུ་འདྲ་མཇལ་བར་འོང་དོ་ཡོདཔ་ཨིན་པས།
བཤད་གྲྭའི་མཁན་པོ་ ཟླ་བ་དཔལ་འབྱོར་གྱིས་ སླབ་མི་དང་འཁྲིལཝ་ད་ ད་ལྟོ་ གུ་རུའི་སྐུ་འདྲ་ བཟོ་སྐྲུན་དང་འབྲེལ་བའི་ལཱ་ཚུ་ ཧ་ལམ་མཇུག་བསྡུ་ཡོད་རུང་ གུ་རུའི་སྐུ་གི་གདོང་ཁར་ མཆོད་མེ་ཁང་༡ དང་ སྒོ་ར་བཟོ་སྐྲུན་འབད་ནིའི་ལཱ་ཚུ་ འབད་བའི་བསྒང་ཡོདཔ་ཨིན་པས།
གུ་རུའི་བཞུགས་ཁྲི་ནང་ཡོད་པའི་ ལྷ་ཁང་གི་ སྐུ་རྟེན་གཙོ་བོ་ བོད་ལྷ་ས་བསམ་ཡས་ལས་ དཔེ་བླངས་མི་ གུ་རུ་ང་འདྲ་མའི་ སྐུ་འདྲ་གིས་གཙོས་པའི་ སྐུ་ཚབ་གཏེར་མ་ཚུ་དང་ མཁན་སློབ་ཆོས་གསུམ་ ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ རིག་འཛིན་འཇིགས་མེད་གླིང་པ་ འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ དེ་ལས་ རྫོགས་ཆེན་དཔོན་སློབ་མཁན་རིན་པོ་ཆེའི་ སྐུ་འདྲ་ཚུ་ བཞུགས་སུ་གསོལ་ཡོད་པའི་གནས་ཚུལ།
སྟག་སྐད་ལ་ལས་ ཚེ་རིང་རྣམ་རྒྱལ།