སྔོན་འགྲོ་ཆོས་རྒྱུགས་ནང་ དྲི་བའི་ནོར་བ་ལུ་བརྟེན་ མི་ངོ་༩༧ ལུ་ཁེ་ཕན།

༉ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ སྔོན་འགྲོའི་ཆོས་རྒྱུགས་ཀྱི་ གྲུབ་འབྲས་ཚུ་ ལོག་ཞིབ་དཔྱད་འབད་བའི་སྐབས་ འཛོལ་བ་ཡོད་པའི་ མངོན་གསལ་བྱུང་ཡོདཔ་ལས་ ཆོས་རྒྱུགས་རྐྱབ་མི་ཚུ་ལུ་ སྐུགས་ཐེབས་བྱིན་དགོཔ་ཐོན་ནུག།
ཧེ་མ་ ཆོས་རྒྱུགས་ནང་ལས་ སྐུགས་ཚད་བརྒྱ་ཆ་༥༠ ཡན་ཆད་ཐོབ་སྟེ་ ཞི་གཡོག་གི་ ཆོས་རྒྱུགས་རྐྱབ་ནིའི་དོན་ལུ་ མཐོ་རིམ་སློབ་ཕྲུག་༩༢༧ གྱིས་ མཐར་འཁྱོལ་བྱུང་ཡོད་རུང་ དྲི་བ་ནོར་བ་ལུ་བརྟེན་ མཐར་འཁྱོལ་བྱུང་མིའི་གྱངས་ཁ་༡,༠༢༧ ལུ་ ཡར་སེང་སོང་ནུག།
དེ་ཡང་ སྤྱི་ཟླ་༨ པའི་ཚེས་༢༥ ལུ་ སྔོན་འགྲོའི་ཆོས་རྒྱུགས་རྐྱབ་མི་ དག་པ་ཅིག་གིས་ ཆོས་རྒྱུགས་ཀྱི་ དོན་ཚན་ཅིག་གི་ དྲི་བ་༦༣ འབད་མི་དེ་ བདེན་དཔྱད་འབད་དགོ་པའི་ ཞུ་ཡིག་བཙུགས་མི་དང་འཁྲིལ་ ལྷན་ཚོགས་ཀྱིས་ ལོག་དབྱེ་ཞིབ་འབདཝ་ད་ དྲི་བའི་ལན་ ངོ་མ་གསལ་བཀོད་འབད་འབདཝ་མེད་མི་དེ་ ལྷན་ཚོགས་ཀྱི་ ཁ་ཐུག་ལས་ འཛོལ་ཡོད་པའི་ ཤེས་རྟོགས་བྱུངམ་ལས་ ཆོས་རྒྱུགས་ཀྱི་ གྲུབ་འབྲས་ཚུ་ ཁ་ཙ་ ལོག་གསར་སྟོན་འབད་ཡོདཔ་ཨིན་པས།
དེ་འབདཝ་ལས་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་༣,༤༠༩ གིས་ སྔོན་འགྲོའི་ཆོས་རྒྱུགས་རྐྱབ་མི་༣,༢༣༡ ལུ་ སྐུགས་རེ་བྱིན་ཡོད་མི་ལུ་བརྟེན་ མཐར་འཁྱོལ་གྱི་ གྱངས་ཁ་ཡར་སེང་ནུག།
བདེན་དཔྱད་ཀྱི་དོན་ལུ་ ཞུ་ཡིག་བཙུགས་མི་ཚུ་ཡང་ མ་ལ་ཤི་ཡ་ ཨེ་ཤི་ཡ་ པེ་སི་ཕིཊ་གཙུག་ལག་སློབ་སྡེ་ལས་ མཐར་འཁྱོལ་མི་ རོ་ཧིཊ་ ཨཔ་པི་རི་ཏི་དང་ རྒྱལ་གཞུང་ཟུར་ཕོགས་དང་འཚོ་རྟེན་མ་དངུལ་གྱི་ལས་བྱེདཔ་ རྟ་མགྲིན་རྡོ་རྗེ་ དེ་ལས་ རྒྱལ་གཞུང་འཛིན་སྐྱོང་སློབ་སྡེའི་སློབ་ཕྲུག་ ངག་དབང་བསྟན་འཛིན་༣ ཨིན་པས།
ངག་དབང་བསྟན་འཛིན་གྱིས་ སླབ་མིའི་ནང་ དྲི་བ་དང་ ཞུ་ཡིག་གི་དོན་ལུ་ ཡོངས་འབྲེལ་ཝེ་ཅཊ་ནང་ ཆོས་རྒྱུགས་ནང་ལས་ སྐུགས་༤༩ ཐོབ་མི་ཚུ་དང་གཅིག་ཁར་ གྲོས་བསྟུན་འབད་བའི་སྐབས་ལུ་ མང་ཤོས་ཅིག་གིས་ར་ དེའི་སྐོར་ལས་ ཤེས་རྟོགས་མ་བྱུངམ་ལས་ ཞུ་ཡིག་བཙུགས་ནི་ལུ་ གྲོས་ཐག་བཅད་ཅི་ཟེར་ཨིནམ་ད་ ཝེ་ཅེཊ་སྡེ་ཚན་ནང་ མི་༤༣ ཡོདཔ་ཨིན་པས།
རོ་ཧིཊ་ ཨཔ་པི་རི་ཏི་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཆོས་རྒྱུགས་རྐྱབ་པའི་སྐབས་ དྲི་བ་དེ་ལུ་ ལན་ངོ་མ་མེད་པའི་ ཤེས་མི་ལུ་བརྟེན་ དྲི་བ་དེ་ བློ་ལུ་བཟུང་སྟེ་ འབག་འོང་ཡི་ཟེར་ཨིནམ་ད་ དེའི་སྐོར་ལས་ ལྷན་ཚོགས་ཀྱིས་འབད་རུང་ དྲི་བ་དེ་ལུ་ འཛོལ་བ་ཡོད་པའི་ ཤེས་རྟོགས་བྱུང་པའི་ཤུལ་ལས་ དོགས་སེལ་འབད་འོང་ཟེར་ རེ་བ་བསྐྱེད་སྡོད་ཅི་ཟེར་ཨིན་པས།
ལྷན་ཚོགས་ལས་ ག་ཅི་ཡང་ འབད་ནི་མེདཔ་ལས་ ཁོང་གིས་ བདེན་དཔྱད་ཀྱི་དོན་ལུ་ ཡི་གུ་བཙུགས་ནི་ལུ་ གྲོས་ཐག་བཅད་ཡོདཔ་བཞིན་དུ་ ཁ་ཙ་ ལྷན་ཚོགས་ཀྱིས་ གནས་ཚུལ་གསར་བཏོན་འབད་མི་ནང་ དྲི་བ་དེ་ ཆ་མེད་བཏང་ཡི་ཟེར་བཀོད་ནུག།
སྔོན་འགྲོའི་ཆོས་རྒྱུགས་ནང་ལས་ མི་༡༠༢ ཀྱིས་ སྐུགས་༤༩ ཐོབ་མིའི་གྲས་ལས་༩༧ གྱིས་ སྐུགས་ཐེབས་ཐོབ་པའི་ཤུལ་ལས་ ཆོས་རྒྱུགས་ངོ་མ་ རྐྱབ་ནི་གི་ གོ་སྐབས་ཐོབ་ཡོདཔ་ཨིན་པས།
ཨིན་རུང་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་༡༧༨ ལུ་ སྐུགས་ཁ་སྐོང་མ་བྱིན་མི་དེ་ཡང་ ཁོང་གིས་ ཧེ་མ་ལས་ དྲི་བ་དེ་གི་ སྐུགས་ཐོབ་མི་ལུ་བརྟེན་ཨིན་ཟེར་ ལྷན་ཚོགས་ཀྱི་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
རྒྱ་གར་ཤར་དཱ་གཙུག་ལག་སློབ་སྡེ་ལས་ བཀྲིས་ཉིནམ་སྒྲོལམ་གིས་ སླབ་མིའི་ནང་ མ་གཞི་ མོ་གིས་ ཧེ་མ་ སྐུགས་༤༩ ཐོབ་ཡོད་རུང་ ད་རེས་ བསྒྱུར་བཅོས་སོང་མི་ལུ་བརྟེན་ ཆོས་རྒྱུགས་ངོ་མ་རྐྱབ་ནིའི་ གོ་སྐབས་ཐོབ་མི་དེ་ཡང་ ཆ་རོགས་ཚུ་གིས་ ལྷན་ཚོགས་ལུ་ བདེན་དཔྱད་ཀྱི་དོན་ལུ་ ཞུ་ཡིག་བཙུགས་མི་ལུ་བརྟེན་ཨིནམ་ལས་ ཁོང་ལུ་ དགའ་ཚོར་སྦོམ་ཡོད་ཟེར་ཨིན་པས།
ལྷན་ཚོགས་ཀྱིས་ སྔོན་འགྲོའི་ཆོས་རྒྱུགས་ཀྱི་ གྲུབ་འབྲས་དེ་ཡང་ སྤྱི་ཟླ་༨ པའི་ཚེས་༢༤ ལུ་ གསལ་བསྒྲགས་འབད་ཡོདཔ་བཞིན་དུ་ སྐུགས་བསྒྱུར་བཅོས་སོང་མི་ སློབ་ཕྲུག་༩༧ ལུ་ཡང་ བརྡ་འཕྲིན་(ཨེསི་ཨེམ་ཨེསི)གྱི་་ཐོག་ལུ་ བརྡ་སྤྲོད་འོང་ཟེར་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
ལྷན་ཚོགས་ཀྱིས་ ཁ་ཙ་ ཆོས་རྒྱུགས་ཀྱི་ གྲུབ་འབྲས་ལོག་བཏོནམ་ད་ ཆོས་རྒྱུགས་ནང་ལས་ མཐར་འཁྱོལ་མིའི་ བརྒྱ་ཆ་༢༧ ལས་༣༠ ལུ་ ཡར་སེང་སོང་ཡོད་པའི་གནས་ཚུལ།

སྐད་སྒྱུར་ ཨོ་རྒྱན་རྡོ་རྗེ།

About admin

Check Also

ཚད་སྙོམས་མེད་པའི་ ནང་འཁོད་ཐོན་སྐྱེད་གནས་གོང་།

༉ ད་རེས་ནངས་པར་ རྒྱལ་ཁབ་ཀྱི་གནས་སྟངས་དེ་ དུས་ཚོད་ག་ཅི་བཟུམ་ཅིག་ནང་ ལྷོད་ཡོདཔ་ཨིན་ན་དང་ ད་ལས་ཕར་ ག་ཅི་ར་འབད་དགོཔ་ཨིན་ན་དེ་ འབྲེལ་ཡོད་མང་ཤོས་ཅིག་གིས་ ཧ་གོ་དང་ གོ་བཞིན་པ་ཡོད་རུང་ དེ་གི་ གདོང་ལེན་ཚུ་ ག་ཅི་ར་འབྱུང་འོང་ག་ དྲན་ཤེས་བཏོན་དགོཔ་དེ་ཡང་ ཁག་ཆེ་ནི་ཨིན་མས། …

Leave a Reply

Your email address will not be published. Required fields are marked *