སྔོ་སྨན་རྡོ་ཆུ་ཀེ་བ།

སྔོ་སྨན་རྡོ་ཆུ་ཀེ་བ་ ཨར་རྐུན་ནང་ འབྲེལ་གཏོགས་འབད་མི་ ཕོ་སྐྱེས་༣ འཛིན་བཟུང་།

༉ ཐིམ་ཕུག་ ཁྲིམས་སྲུང་འགག་སྡེ་གིས་ སྤྱི་ཟླ་༨ པའི་ཚེས་༤ ལུ་ སྔོ་སྨན་རྡོ་ཆུ་ཀེ་བ་ ཀེ་ཇི་༤༠༢ དེ་ཅིག་ ཨར་རྐུན་འབད་མིའི་ནང་ འབྲེལ་གཏོགས་འབད་མི་ ཕོ་སྐྱེས་༣ འཛིན་བཟུང་འབད་ནུག།

ཁྲིམས་སྲུང་འགག་པ་དང་འཁྲིལ་བ་ཅིན་ བྱ་ངན་དེ་ སྤྱི་ཟླ་༨ པའི་ཚེས་༡ གི་ ཕྱི་རུའི་ཆུ་ཚོད་༤ དེ་ཅིག་ཁར་ བྱུང་ནུག་ཟེར་ཨིནམ་ད་ དོགས་པ་ཅན་ཕོ་སྐྱེས་དེ་གིས་ དངུལ་ཀྲམ་ས་ཡ་༣.༢༣ གནས་པའི་ རྡོ་ཆུ་ཀེ་བ་དེ་ ཉམས་རྒུད་པའི་སྤུན་ཆ་ལས་ ཉོ་ཞིནམ་ལས་ ཏི་རུ་དེ་ འབྲུག་གི་དངུལ་ཁང་གི་ དངུལ་བཏོན་འཕྲུལ་ཆས་ཨེ་ཊི་ཨེམ་ལས་ བཏོན་བྱིན་གེ་ཟེར་སླབ་སྟེ་ ཤུལ་ལས་ གར་སོང་མེད་པར་ བྲོས་ཟུར་འབད་ནུག་ཟེར་ཨིན་པས།

ཁྲིམས་སྲུང་འགག་པ་གིས་འབད་བ་ཅིན་ ཉམས་རྒུདཔ་ཁོ་ར་གིས་ རྡོ་ཆུ་ཀེ་བ་དེ་ སྤ་རོ་ལུ་ ཚོང་འབྲེལ་འཐབ་ནིའི་དོན་ལུ་ བཀྲིས་གཡང་རྩེ་ལས་འབག་འོང་སྟེ་ མུ་ཏིག་ཐང་ལུ་ ཁོ་རའི་སྤུན་ཆ་འབད་སར་ བཞག་ནུག་ཟེར་ཨིནམ་ད་ བྱ་ངན་འབད་མི་དེ་གིས་ བརྒྱུད་འཕྲིན་ཐོག་ལས་ སྔོ་སྨན་དེ་ ཉོ་གེ་ཟེར་སླབ་སྟེ་ འབག་སོང་ནུག་ཟེར་ཨིན་པས།

ཁྲིམས་སྲུང་འགག་པའི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ ཉམས་རྒུདཔ་གིས་ སྔོ་སྨན་རྡོ་ཆུ་ཀེ་བ་ བཙོང་ནི་ཡོད་པའི་སྐོར་ལས་ ཁོ་རའི་ཆ་རོགས་ལུ་ སླབ་ནུག་ཟེར་ཨིནམ་ད་ ཆ་རོགས་ཀྱིས་འབད་ བྱ་ངན་ནང་འབྲེལ་གཏོགས་ཡོད་མི་ མོང་སྒར་ སྒང་ལ་སྤོང་ལས་ སྐྱེས་ལོ་༢༤ འབད་མི་ ཕོ་སྐྱེས་དེ་ལུ་ སླབ་ནུག་ཟེར་ཨིན་པས།

ངོ་སྨན་དེ་ སྐྱེས་ལོ་༢༤ ལང་མི་ དོགས་ཅན་དེ་གིས་ སྔོ་སྨན་ཉོ་ནི་ལུ་ སྤྲོ་བ་ཡོད་པའི་སྐོར་ལས་ བརྒྱུད་འཕྲིན་ནང་ ཁ་སླབ་པའི་ཤུལ་ལུ་ ཧཱ་ལས་ སྐྱེས་ལོ་༢༨ དང་༣༧ ལང་མི་ དོགས་ཅན་ཕོ་སྐྱེས་ ཁོང་༣ བསྡོམས་ཏེ་ སྣུམ་འཁོར་པར་ཌོ་ ཚོས་གཞི་སྐྱ་ཐལ་འབད་མིའི་ནང་ སྔོ་སྨན་དོ་༨ དེ་ཅིག་ ཏི་རུ་ཤུལ་ལས་སྤྲོད་ནི་ཟེར་སླབ་སྟེ་ བྱོག་ཡར་སོང་ནུག་ཟེར་ ཁྲིམས་སྲུང་འགག་པའི་འགོ་དཔོན་གྱིས་བཤད་ཅི།

དེ་ལས་ ཁྲིམས་སྲུང་འགག་པའི་ འགོ་དཔོན་གྱིས་ སླབ་མིའི་ནང་ ཉམས་རྒུད་པའི་ སྤུན་ཆ་གིས་ མོ་རའི་ནུ་གཅུང་དེ་ ཏི་རུ་ལེན་པར་ ཨེ་ཊི་ཨེམ་འཕྲུལ་ཆས་ཀྱི་ གདོང་ཁར་བཏང་པའི་བསྒང་ལས་ གར་སོང་མིན་འདུག་ཟེར་ཨིནམ་ད་ ཁྲིམས་སྲུང་འགག་པ་གིས་ སི་སི་ཊི་བི་པར་ཆས་ཐོག་ལས་ འཚོལ་བའི་སྐབས་ སྣུམ་འཁོར་དེ་ ཚོད་བསྲེ་ཁྲོམ་ཁར་ལས་ འཛིན་བཟུང་འབད་ཡི་ཟེར་ཨིན་པས།

སྔོ་སྨན་དེ་ རྒྱ་ནག་ལུ་ ནང་པའི་སྨན་བཟོ་ནིའི་དོན་ལས་ ལག་ལེན་འཐབ་དོ་ཡོདཔ་ད་ དེ་གིས་ ན་ཟུག་རྐྱབ་མི་དང་ དྲོད་འབར་རྐྱབ་མི་ལུ་ ཕན་ཐོགས་ཡོད་པའི་ཁར་ མགུ་ཏོ་ན་མི་དང་ རྨ་བཏོན་མི་ དེ་ལས་ ལྐོདམ་ན་མི་ཚུ་ལུ་ ཕན་ཐོགས་ཡོད་ཟེར་ཨིནམ་ད་ ཚངས་ལའི་ཁ་སྐད་ལས་ སྔོ་སྨན་དེ་ལུ་ ཐོག་གསུམ་པ་དང་ ལྷོ་མཚམས་ཀྱི་ཁ་སྐད་ལས་ ས་ཏུ་བ་ཟེར་ སླབ་ཨིན་པས།

བྱ་ངན་གྱི་སྐོར་ལས་ སྤྱི་ཟླ་༨ པའི་ཚེས་༢ ལུ་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ཡོདཔ་ད་ སྣུམ་འཁོར་པར་ཌོ་དེ་ ཆ་རོགས་ལས་བརྙ་སྟེ་ དོགས་ཅན་གྱིས་ གླང་རྒྱུག་ཕར་ཁ་ལས་ ཅ་ལ་ལེན་པར་འགྱོ་ནི་ཟེར་སླབ་སྟེ་ ཆ་རོགས་ཀྱི་ སྣུམ་འཁོར་བདའ་སོང་ནུག་ཟེར་ཨིན་པས།

དོགས་ཅན་༣ གྱི་གྲས་ལས་ གཉིས་ ཧཱ་ལས་དང་ གཞན་མི་དེ་ མོང་སྒར་ལས་ཨིནམ་ད་ དོགས་ཅན་༢ སྤྱི་ཟླ་༧ པའི་ཚེས་༤ ལུ་ འཛིན་བཟུང་འབད་ཡོདཔ་བཞིན་དུ་ སྐྱེས་ལོ་༣༧ ལང་མི་ ཕོ་སྐྱེས་དེ་ སྤྱི་ཚེས་༦ ལུ་ འཛིན་བཟུང་འབད་ཡོད་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ།

About admin

Check Also

བག་ལྷོད་ཅན་ལུ་བརྟེན་ མིང་དོན་ལས་འགལ་བ་སོང་ཡོདཔ།

༉ འབྲུག་རྒྱལ་ཁབ་འདི་ ལོ་ངོ་བརྒྱ་ཕྲག་ལས་བཅད་དེ་ གངས་བར་ནང་གི་ཆུ་འཐུང་ སྤྲིན་བར་ནང་གི་ཉིམ་བསྲོ་སྟེ་ སྡོད་མི་ཅིག་ཨིན། དེ་མ་ཚད་ ནང་པའི་ཆོས་ཀྱི་སྲོལ་གཏོད་དེ་ མཁས་པ་དང་ སྒྲུབ་པ་ལྡན་པའི་ བླམ་མང་རབས་ཅིག་གིས་ རྒྱལ་ཁབ་བྱིན་གྱིས་རླབས་གནངམ་མ་ཚད་ ལྷག་པར་དུ་ཡང་ དུས་རབ་བརྒྱད་པའི་ནང་ རྟོགས་པ་ཕུལ་དུ་ཕྱིན་པའི་ …

Leave a Reply

Your email address will not be published. Required fields are marked *