སྔར་སྲོལ་ལམ་ལུགས་ཡར་དྲག་གཏང་ནི་ལུ་ གཞུང་ལུ་གྲོས་འདེབས་༢༦ ཕུལ་ཡོདཔ།

༉ རྒྱལ་ཡོངས་ཚོགས་སྡེ་གིས་འབད་བ་ཅིན་ ད་ལྟོ་ཚུན་ རྒྱལ་ཁབ་ནང་ བཟོ་སྐྲུན་གྱི་ལཱ་ཚུ་ རང་ལུགས་ཀྱི་ བཟོ་བཀོད་ཐོག་ལས་ མ་འབད་བའི་ཤེས་རྟོགས་ བྱུང་པའི་ཤུལ་ལུ་ སྔར་སྲོལ་གྱི་བཟོ་བཀོད་ཚུ་ ལག་ལེན་འཐབ་དགོཔ་སྦེ་ འབྲེལ་ཡོད་ལས་སྡེ་ཚུ་ལུ་ དྲན་གསོ་འབད་ཡི།

དེ་ཡང་ ཁ་ཙ་ སྔར་སྲོལ་གྲོས་འདེབས་ཐོག་ལུ་ མཐའ་དཔྱད་ཀྱི་ གསུང་གྲོས་གནང་པའི་སྐབས་ ཚོགས་སྡེ་གིས་ འབྲུག་པའི་ལམ་སྟོན་བཟོ་བཀོད་༢༠༡༤ ཅན་མ་དེ་ ཚུལ་མཐུན་སྦེ་ ལག་ལེན་འཐབ་དགོ་པའི་སྐོར་ལས་ གཞུང་དང་ འབྲེལ་ཡོད་ལས་སྡེ་ཚུ་ལུ་ གྲོས་འདེབས་ཕུལ་མི་དེ་ཡང་ བཟོ་སྐྲུན་གྱི་ལཱ་ཚུ་ནང་ ལག་ལེན་འཐབ་ནི་ མེད་མི་ལུ་བརྟེན་ཨིན་པས།
ཚོགས་སྡེ་གིས་ འབྲུག་པའི་མཐུན་མོང་མ་ཡིན་པའི་ ཁྱད་ཆོས་བཟང་པོའི་རིག་རྩལ་ཚུ་ ཡུན་བརྟན་སྤེལ་ནིའི་དོན་ལུ་ གཞུང་འབྲེལ་གྱི་ འཆར་གཞི་དང་ ལས་སྣ་ཚུ་མེད་ནི་དེ་གིས་ ཚ་གྱང་ལང་དགོཔ་བྱུང་བའི་ཁར་ རང་ལུགས་ཀྱི་ ལམ་སྟོན་དེ་ ཚུལ་མཐུན་དང་ ཤོ་མཚུངས་སྦེ་ ལག་ལེན་མ་འཐབ་མི་ལུ་བརྟེན་ གཞུང་དང་ སྒེར་སྡེའི་བཟོ་སྐྲུན་ཚུ་ནང་ ཁྱད་པར་ཐོན་ཡོད་མི་ལས་ ཧེང་སྐལ་ར་ ཚང་གྱང་ལང་དགོཔ་བྱུང་ནུག།
འབྲུག་རང་ལུགས་བཟོ་བཀོད་ལམ་སྟོན་༢༠༡༤ ཅན་མ་དེ གཞུང་དང་ འབྲེལ་ཡོད་ལས་སྡེ་གིས་ དོན་སྨིན་ཅན་སྦེ་ ལག་ལེན་འཐབ་ནིའི་དོན་ལུ་ དགོས་མཁོ་དང་བསྟུན་པའི་ ཁྲིམས་བཟོ་ཚུ་ བརྩམས་ནི་ལུ་ ངོས་ལེན་འབད་དགོ་པའི་ གྲོས་འདེབས་ཕུལ་ཡི།
དེ་མ་ཚད་ རྫོང་བདག་དང་ རྒཔོ་ བཟོ་རིག་དང་སྲོལ་འཛིན་འགོ་དཔོན་ དེ་ལས་ ལམ་སྲོལ་ལས་ཁུངས་ནང་ལཱ་འབད་མི་ འབྲེལ་ཡོད་འགོ་དཔོན་ཚུ་ལུ་ རང་ལུགས་བཟོ་བཀོད་ལམ་སྟོན་གྱི་ གོ་བརྡའི་ལས་རིམ་ཚུ་ འགོ་འདྲེན་འཐབ་དགོ་པའི་ གྲོས་འབུལ་ཕུལ་ཡི།
མི་སྡེ་དང་ལམ་སྲོལ་ཚོགས་ཆུང་གི་ཁྲི་འཛིན་ བུམ་ཐང་གི་འཐུས་མི་ ཉི་མ་གིས་ ཞུ་མིའི་ནང་ རང་ལུགས་བཟོ་བཀོད་ཚུ་གི་སྐོར་ལས་ ལེགས་ཤོམ་སྦེ་ གོ་རྟོགས་འབྱུང་ནིའི་དོན་ལུ་ ངོས་ལེན་འབད་ནི་དང་ ལྷག་པར་དུ་ རིག་རྩལ་ཚུ་ སྤེལ་ཐབས་ལུ་ དོན་ཚན་དང་དམིགས་དོན་ཚུ་ ལག་ཤེས་སྦྱོང་བརྡར་སྤེལ་ཁང་དང་ ཚན་རིག་དང་འཕྲུལ་རིག་མཐོ་རིམ་སློབ་གྲྭ་ འཇིགས་མེད་རྣམ་རྒྱལ་བཟོ་རིག་མཐོ་རིམ་སློབ་གྲྭ་ དེ་ལས་ འབྲེལ་ཡོད་གཙུག་སྡེ་ཚུ་གི་ཆོས་ཚན་ནང་ བཙུགས་དགོ་པའི་ གྲོས་འབུལ་ ཕུལ་ཏེ་ཡོད་ཟེར་ཨིན་པས།
རང་ལུགས་བཟོ་བཀོད་ཀྱི་ ཤིང་བཟོ་བོ་དང་ རྡོ་བཟོ་བོ་ཚུ་ རྒྱལ་ཡོངས་ཀྱི་ལས་འགུལ་ ཡང་ཅིན་ སྒེར་སྡེའི་བཟོ་སྐྲུན་ གང་རུང་ཚུ་ནང་ གནས་སྐབས་ཀྱི་ སྦྱོང་བརྡར་ཚུ་ འཕྲལ་མཁོ་ཅན་སྦེ་ འགོ་འདྲེན་འཐབ་དགོ་པའི་ གྲོས་འདེབས་ཕུལ་ཡི།
གྲོས་འདེབས་གཞན་མི་དེ་ དངོས་ཅན་དང་ དངོས་མེད་ལམ་སྲོལ་གྱི་སྲིད་བྱུས་ མཐའ་དཔྱད་བཟོ་སྟེ་ ཆ་འཇོག་གནང་དགོཔ་དང་ ལམ་སྲོལ་གྱི་ བློ་གཏད་མ་དངུལ་ཅིག་ གཞི་བཙུགས་འབད་མི་དེ་ མ་དངུལ་ཡར་དྲག་གཏང་ནིའི་དོན་ལུ་ ལཱ་དང་ ལས་རིམ་ཚུ་ འགོ་འདྲེན་འཐབ་དགོ་པའི་ གྲོས་འབུལ་ཕུལ་ཡི།
ཟློས་གར་གྱི་ཐད་ཀར་ལུ་ རྒྱལ་ཁབ་ནང་ འཆམ་དང་ཞབས་ཁྲ་རྐྱབ་མི་ ལངམ་མེད་མི་དང་ འཆར་དངུལ་ཚད་ཅིག་ལས་བརྒལ་ བགོ་བཀྲམ་མ་འབད་མི་དེ་གིས་ ས་གནས་ཀྱི་ ཚེས་བཅུ་ཚུ་ རྒྱུན་ཆད་ནིའི་ཉེན་ཁ་དང་ སྤྲོ་སྟོན་ལས་སྡེ་ཚུ་གི་ཁ་ཐུག་ལས་ རང་ལུགས་ཀྱི་ཞབས་ཁྲ་དང་ འཆམ་ཚུ་ ཉམས་སྲུང་དང་གོང་འཕེལ་གཏང་ནི་ནང་ ཕན་ཐོགས་སྦོམ་ཅིག་མེད་པར་ ཡོདཔ་ཨིན་པས།
དེ་འབདཝ་ལས་ ཚོགས་སྡེ་གིས་ ས་གནས་ཁག་སོ་སོ་ལས་ཕར་ཡོད་མི་ དུས་སྟོན་དང་ ཟློས་གར་གྱི་རིགས་ཚུ་ ཐོ་བཀོད་བཞག་ནིའི་ལུ་ གཙོ་རིམ་བཞུང་དགོ་པའི་ཁར་ འོས་འབབ་ཡོད་པའི་ལས་སྡེ་ འབྲུག་རྒྱང་བསྒྲགས་ལས་འཛིན་དང་ སྟག་རྩེ་ སྐད་ཡིག་དང་ལམ་སྲོལ་མཐོ་རིམ་སློབ་གྲྭ་ དེ་ལས་ གཞུང་དང་ སྒེར་སྡེ་ཚུ་ལུ་ ཐོ་བཀོད་ཀྱི་ རྒྱབ་སྐྱོར་གནང་དགོ་པའི་ གྲོས་འདེབས་ཕུལ་ཡི།
དེ་མ་ཚད་ རྒྱལ་རབས་དང་ལྡན་པའི་ དུས་སྟོན་དང་ རྒྱལ་ཡོངས་ལུ་ཕན་པའི་ལས་སྣ་ རྒྱལ་ཁབ་ལུ་ཤ་ཞེན་ དེ་ལས་ རྩ་བ་གསུམ་ལུ་ གུས་ཞབས་བསྐྱེད་ནི་ལུ་དམིགས་ཏེ་ གློག་བརྙན་བཟོ་མི་དང་ གློག་བརྙན་ཐུང་ཀུ་བཟོ་མི་ དེ་ལས་ འཁྲབ་རྩེདཔ་དང་ ལས་རིམ་ཚུ་ལུ་ མ་དངུལ་གྱི་ རྒྱབ་སྐྱོར་གནང་དགོ་པའི་ གྲོས་འདེབས་ཚུ་ ཕུལ་ཏེ་ཡོད་ཟེར་ ཉི་མ་གིས་ ཞུ་ཡི།
རང་ལུགས་དང་ རིག་གསར་གྱི་ ཞབས་ཁྲ་ཚུ་ གནས་སྟངས་དང་འཁྲིལ་ཏེ་ ཚུལ་མཐུན་སྦེ་ སྟོན་ཐབས་ལུ་དམིགས་ཏེ་ སྤྲོ་སྟོན་གྱི་ལས་སྡེ་ སྒྲ་དབྱངས་དང་ གླུ་དབྱངས་ཚུ་ལུ་ དགོས་མཁོའི་སྲིད་བྱུས་དང་ ཁྲིམས་བཟོ་ཐོག་ལས་ རྒྱབ་སྐྱོར་གནང་དགོ་པའི་ འབྲེལ་ཡོད་ལས་སྡེ་ཚུ་ལུ་ གྲོས་འདེབས་ཕུལ་ཡི།
ཚོགས་ཆུང་གིས་ མཁས་མཆོག་ཚུ་དང་གཅིག་ཁར་ གྲོས་སྟོན་ཐོག་ལས་ བཅའ་སྒྲིག་གི་ ཐོབ་ཐངས་ལམ་སྟོན་ ཡོངས་རྫོགས་ཅིག་བཟོ་ཞིནམ་ལས་ འབྲེལ་ཡོད་ལས་སྡེ་ཚུ་དང་ མཉམ་འབྲེལ་གྱི་ཐོག་ ཚུལ་མཐུན་ལག་ལེན་འཐབ་མ་འཐབ་ཀྱི་ ལྟ་རྟོག་ཚུ་ཡང་ འགོ་འདྲེན་འཐབ་དགོ་པའི་ གྲོས་འབུལ་ཕུལ་ནུག།
དེ་ལས་ གཞུང་དང་ ལས་འཛིན་ དེ་ལས་ སྒེར་སྡེའི་ཡིག་ཚུ་ནང་ལས་ཕར་ ཕྱིའི་གྱོན་ཆས་དེ་ གཙུག་སྡེའི་སྒྲིག་གོ་ཅིག་སྦེ་ ལག་ལེན་འཐབ་ནི་ དར་ཁྱབ་སོང་ཡོད་མིའི་གུ་ འཕྲལ་མཁོ་ཅན་སྦེ་ བསྐྱར་ཞིབ་འབད་ཞིནམ་ལས་ འོས་འབབ་ལྡན་པའི་ བསླབ་བྱ་ཚུ་བྱིན་དགོ་པའི་ གྲོས་འདེབས་ཕུལ་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

འབྲུག་པའི་ ཨམ་སྲུའི་ཕུཊ་བཱོལ་སྡེ་ཚན་ཚུ་གིས་ རྒྱལ་ཁ་ཐོབ་མ་ཚུགས་པར་ཡོདཔ།

༉ འདས་པའི་བདུན་ཕྲག་ལས་འགོ་བཙུགས་ སྤྱི་ཟླ་༣ པའི་ཚེས་༢༨ ཚུན་ བང་ལ་དེཤ་གི་རྒྱལ་ས་ ཌ་ཀ་ལུ་ རྒྱལ་སྤྱི་ཕུཊ༌བཱོལ་རྩེད་ཐང་ནང་སྦེ་ ལྷོ་ཨེ་ཤི་ཡཱན་ ཨམ་སྲུའི་ཕུཊ་བཱོལ་དོ་འགྲན་འབད་མིའི་ནང་ འབྲུག་ལས་ སྐྱེས་ལོ་༡༧ མན་ཆད་འབད་མི་ རྒྱལ་ཡོངས་ཨམ་སྲུའི་ཕུཊ༌བཱོལ་སྡེ་ཚན་གྱིས་ བཅའ་མར་གཏོགས་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *