དུས་ཡུན་ཆུ་ཚོད་༡ རྐང་སྟོང་སྦེ་ ཚོགས་རྒྱན་བཙུགས་པར་འོང་མི་ སྐྱེས་ལོ་༨༤ ལང་མི་ ཚེ་རིང་ཆོས་འཛོམས།

སྔ་ཚང་རྒེད་འོག་ལས་ ད་ལྟོ་གི་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་ གདམ་ངོ་སྦེ་ གདམ་འཐུ་གྲུབ་ཡོདཔ།

༉ ཁ་ཙ་ མོང་སྒར་སྔ་ཚང་རྒེད་འོག་ལྟེ་བ་ནང་ དོ་འགྲན་འབད་མི་ འདེམས་ངོ་༢ ཀྱི་བར་ན་ ཚོགས་རྒྱན་བཙུགས་པའི་སྐབས་ ཚོགས་རྒྱན་༡༤༤ ཁྱད་པར་ཐོན་ཡོདཔ་ལས་ ད་ལྟོ་ ཕྱག་ཞུ་སྟེ་ཡོད་མི་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་ བསོད་ནམས་དབང་ཕྱུག་ གདམ་འཐུ་གྲུབ་ཅི།

ཡེ་མཁར་སྤྱི་འོག་ལས་ཨིན་མི་ སྐྱེས་ལོ་༣༠ ལང་མི་ བསོད་ནམས་དབང་ཕྱུག་གིས་ ཚོགས་རྒྱན་༣༨༢ ཐོབ་སྟེ་གདམ་འཐུ་གྲུབ་ཡོདཔ་ད་ དཔལ་ཤུབ་སྤྱི་འོག་ལས་ སྒེར་སྡེ་ཅིག་ནང་ལཱ་འབད་མི་ སྐྱེས་ལོ་༣༩ ལང་མི་ བསྟན་འཛིན་དབང་ཕྱུག་གིས་ ཚོགས་རྒྱན་༢༣༨ ལས་བརྒལ་ ཐོབ་མ་ཚུགས།

བསོད་ནམས་དབང་ཕྱུག་གིས་ སླབ་མིའི་ནང་ རྒེད་འོག་གི་ མི་སེར་ཚུ་གིས་ ཚོགས་རྒྱན་གྱི་རྒྱབ་སྐྱོར་གནང་སྟེ་ གདམ་ངོ་སྦེ་ བཏོན་མི་དེ་ཡང་ འདས་པའི་ལོ་༥ འི་རིང་ རྩ་བ་༣ ལུ་ ཕྱག་ཕྱིད་གང་དྲག་ཞུ་བའི་ རྟགས་མཚན་དང་ ཚོགས་སྡེའི་ནང་ ལཱ་འབད་འཕྲོ་དང་ ཉམས་མྱོང་ཡོད་མི་ལུ་བརྟེན་ ཨིན་ཟེར་ཨིན་པས།

སྤྱིར་བཏང་བཙག་འཐུའི་སྐབས་ལུ་ཡང་ རྒེད་འོག་ཚུ་ལས་ མི་ངོམ་ག་དེམ་ཅིག་ གདམ་འཐུ་འབད་རུང་ ལོ་༥ འི་རིང་ རྫོང་ཁག་གི་ རྒེད་འོག་ཐདམ་ཐད་ཁ་ལས་ཕར་ གཞུང་དང་ མི་སེར་གྱི་བར་ན་ ཕྱག་ག་དེ་སྦེ་ཞུ་ཡོདཔ་ཨིན་ན་ མི་སེར་ཚུ་གིས་ ཤེས་རྟོགས་ཡོདཔ་ལས་ ཉམས་མྱོང་དང་ རིག་རྩལ་གྱི་ཐོག་ལས་ དོ་འགྲན་འབད་ནི་ཨིན་ཟེར་ བསོད་ནམས་དབང་ཕྱུག་གིས་ སླབ་ཨིན་པས།

སྐྱེས་ལོ་༨༤ ལང་མི་ ཚེ་རིང་ཆོས་འཛོམས་ཀྱིས་ སླབ་མིའི་ནང་ དོམ་ལུངམ་གཡུས་ཚན་ལས་ རྒེད་འོག་ཚུན་ དུས་ཡུན་ཆུ་ཚོད་༡ ལྷགཔ་ཅིག་ རྐང་སྟོང་སྦེ་ ཚོགས་རྒྱན་བཙུགས་པར་འོང་མི་དེ་ཡང་ འདེམས་ངོ་ལེགས་ཤོམ་ཅིག་ གདམ་འཐུ་འབད་ནིའི་དོན་ལུ་ཨིན་ཟེར་ ཨིན་པས།

དེ་བཟུམ་སྦེ་ བཀྲིས་སྒང་རྫོང་ཁག་ལས་ དྲོ་པར་རྒེད་འོག་ནང་ ཚོགས་རྒྱན་བཙུགས་པར་འོང་མི་ སངས་རྒྱས་དབངམོ་གིས་ སླབ་མིའི་ནང་ རྒེད་འོག་ནང་ དོ་འགྲན་འབད་མི་ མི་ངོམ་༢ ཐོན་ཡོདཔ་ལས་ འདེམས་ངོ་ལྕོགས་གྲུབ་ཅན་ གདམ་འཐུ་ འབད་ནི་ལུ་ རྒྱབ་སྐྱོར་འབད་བར་འོང་ཡི་ཟེར་ཨིན་པས།

རྒེད་འོག་ནང་ ཚོགས་རྒྱན་བཙུགས་མི་བསྡོམས་༦༢༠ ལས་ ཕོ་སྐྱེས་༢༨༧ དང་ ཨམ་སྲུ་༣༣༣ ཡོདཔ་ད་ རྩ་མང་རྒེད་འོག་ལས་ དོ་འགྲན་འབད་མི་ ཨམ་སྲུ་གཅིག་ལས་མེད་ནི་དེ་གིས་ དགོ་དང་མི་དགོ་གི་ ཚོགས་རྒྱན་བཙུགས་པའི་སྐབས་ ཡོངས་བསྡོམས་ཚོགས་རྒྱན་༣༧༥ ལས་ དགོ་༣༣༥ ཐོབ་སྟེ་ སྐྱེས་ལོ་༣༢ ལང་མི་ བསོད་ནམས་དཔལ་འཛོམས་དེ་ གདམ་འཐུ་གྲུབ་ནུག།

རྫོང་ཁག་གི་ རྒེད་འོག་༡༧ ལས་ མི་ངོམ་སྦེ་ བཅའ་མར་གཏོགས་མི་༡༧ གི་གྲས་ལས་ ཨམ་སྲུ་ཕུད་རྡོག་གཅིག་ལས་ བརྒལ་མེད་མི་དེ་ གདམ་ངོ་སྦེ་ བཏོན་ཡོདཔ་ཨིན་པས།

ད་རིས་ ཤེར་མུ་ཧཱུྂ་རྒེད་འོག་ནང་ མི་ངོམ་༣ ཐོན་ཡོད་མི་ལས་༡ གདམ་འཐུ་འབད་ནི་ ཨིན་པའི་གནས་ཚུལ།

སྔ་ཚང་ལས་ བཀྲིས་ཕུན་ཚོགས།

About admin

Check Also

མོང་སྒར་ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ཕོ་སྐྱེས་༡ འཛིན་བཟུང་།

༉ མོང་སྒར་ཁྲིམས་སྲུང་འགག་པ་གིས་ སྤྱི་ཟླ་༩ པའི་ཚེས་༡༣ ལུ་ ལོ་ན་མ་སྨིན་པའི་ ན་ཆུང་བུམོ་༡ ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ལུ་བརྟེན་ སྐྱེས་ལོ་༢༥ ལང་མི་ ཕོ་སྐྱེས་༡ འཛིན་བཟུང་འབད་དེ་ དོ་དམ་འོག་ལུ་ …

Leave a Reply

Your email address will not be published. Required fields are marked *