སྔ་ཚང་རྒེད་འོག་ནང་ ས་སྣུམ་བཀྲམ་སྤེལ་ཁང་ འགོ་འབྱེད་འབད་ཡོདཔ།

ཁ་ཙ་ སྔ་ཚང་རྒེད་འོག་ནང་ ས་སྣུམ་བཀྲམ་སྤེལ་ཁང་ཆུང་བ་ཅིག་ གཞུང་འབྲེལ་ཐོག་ འགོ་འབྱེད་འབད་མི་ལུ་བརྟེན་ རྒེད་འོག་གི་མི་སེར་ཚུ་མ་ཚད་ ཉེ་འདབས་ཀྱི་ རྒེད་འོག་༦ གི་ མི་སེར་ཚུ་ལུ་ཡང་ ཕན་ཐོགས་སྦོམ་སྦེ་ར་ བྱུང་ཡོདཔ་ཨིན་པས།

འགོ་འབྱེད་འབད་ཚརཝ་ཅིག་ སྣུམ་འཁོར་གྱི་ ཇོ་བདག་ཚུ་གིས་ རང་སོའི་སྣུམ་འཁོར་ནང་ ས་སྣུམ་བླུགས་ཡོདཔ་མ་ཚད་ སོ་ནམ་པ་ཚུ་གིས་ མེ་རླུང་གེས་རྒྱ་རྫི་སོར་བར་ འབག་འོང་ཡོདཔ་ཨིན་པས།

སོ་ནམ་པ་ པདྨ་གཡང་འཛོམས་ཀྱིས་ སླབ་མིའི་ནང་ སྔ་ཚང་རྒེད་འོག་ལས་ ས་སྣུམ་ག་ཅི་ར་འབག་རུང་ མེ་རླུང་རྒྱ་རྫི་ཚུ་ སོར་ནིའི་དོན་ལུ་ མོང་སྒར་ཁྲོམ་ཚུན་ ཉིནམ་༡ དུས་ཚོད་འཕྲོ་བརླག་གཏངམ་མ་ཚད་ ཟད་འགྲོ་གནསཔ་ཨིན་ཟེར་ཨིན་པས།

སྔ་ཚང་རྒཔོ་ རྡོ་རྗེ་ལས་སྐྱིད་ཀྱིས་ སླབ་མི་དང་འཁྲིལཝ་ད་ ས་སྣུམ་བཀྲམ་སྤེལ་ཁང་ གཞི་བཙུགས་འབད་མི་དེ་གིས་ རྒེད་འོག་གི་མི་སེར་ཚུ་མ་ཚད་ དགྲ་མེད་རྩེ་སྔ་ཚང་འདེམས་ཁོངས་ཀྱི་ མི་སེར་ཚུ་ལུ་ཡང་ ལྷན་ཐབས་འབྱུང་ཚུགས་ཟེར་ཨིན་པས།

དེ་ཡང་ ཤེར་མུ་ཧཱུྂ་རྒེད་འོག་དང་ ལྕགས་སི་མཁར་ ཐང་རོང་ བ་ལམ་ དགྲ་མེད་རྩེ་ དེ་ལས་ ན་རང་རྒེད་འོག་གི་ མི་སེར་ཚུ་ལུ་ ཕན་ཐོགས་འབྱུང་ནི་ཨིན་པས།

ལྷག་པར་དུ་ རྒཔོ་རྡོ་རྗེ་ལེགས་སྐྱིད་ཀྱིས་འབད་བ་ཅིན་ ས་སྣུམ་བཀྲམ་སྤེལ་ཁང་ གཞི་བཙུགས་འབད་མི་དེ་གིས་ དབུལ་ཕོངས་ཀྱི་དཀའ་ངལ་བསལ་ནི་ལུ་ ཕན་ཐོགས་འབྱུང་ནི་དང་ དངུལ་ཐོག་འོང་འབབ་བཟོ་ཚུགས་ནི་ དེ་ལས་ མི་སེར་ཚུ་གི་ དཔལ་འབྱོར་གོང་འཕེལ་གཏང་ཚུགས་ཟེར་ སླབ་ཨིན་པས།

ལུང་ཕྱོགས་ཚོང་དང་བཟོ་གྲྭ་ཡིག་ཚང་གི་ མདོ་ཆེན་ངོ་ཚབ་ ཀརྨ་ཚེ་དབང་རིག་འཛིན་གྱིས་ སླབ་མིའི་ནང་ སྔ་ཚང་རྒེད་འོག་ནང་ ས་སྣུམ་བཀྲམ་སྤེལ་ལས་ཁང་ གཞི་བཙུགས་འབད་མི་དེ་ སོ་ནམ་འཕྲུལ་ཆས་ལས་འཛིན་ཚད་དང་ བསྟན་རྒྱས་ལྷན་ཁག་༢ ཀྱིས་ མཉམ་འབྲེལ་ཐོག་ལས་ རྒྱབ་སྐྱོར་འབད་ཡི་ཟེར་ཨིན་པས།

མོང་སྒར་རྫོང་ཁག་ནང་ དེ་བཟུམ་མའི་ ས་སྣུམ་བཀྲམ་སྤེལ་ཁང་༡༠ གཞི་བཙུགས་འབད་ནིའི་ འཆར་གཞི་ཡོད་མི་ལས་ འགོ་དང་པ་ སྔ་ཚང་རྒེད་འོག་ནང་ གཞི་བཙུགས་འབད་ཡི་ཟེར་ མདོ་ཆེན་ངོ་ཚབ་ ཀརྨ་ཚེ་དབང་རིག་འཛིན་གྱིས་ སླབ་ཨིན་པས།

ད་ལྟོ་ཚུན་ མོང་སྒར་དང་ ཀྲོང་གསར་ དབང་འདུས་ དེ་ལས་ གཞལམ་སྒང་རྫོང་ཁག་ཚུ་གི་ རྒེད་འོག་༤ ནང་ ས་སྣུམ་བཀྲམ་སྤེལ་ཁང་ གཞི་བཙུགས་འབད་ཡོདཔ་བཞིན་དུ་ ལག་ལེན་འཐབ་པའི་བསྒང་ཡོད་པའི་གནས་ཚུལ།

མོང་སྒར་ལས་ བཀྲིས་ཕུན་ཚོགས།

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *