ཨམ་སྲུ་ཚུ་གིས་ གེ་ཟ་ཞིང་ནང་ ལུད་སྐྱེལ་བའི་བསྒང་།

སྔ་ཚང་རྒེད་འོག་ནང་ ཐོན་ཤུགས་ཆེ་བའི་གེ་ཟ་སོན་ བཏབ་ནིའི་དོན་ལུ་ གྲ་སྒྲིག་འབད་དོ་ཡོདཔ།

༉ ཟླཝ་དག་པ་ཅིག་གི་རིང་ སྟོངམ་སྦེ་བཞག་མི་ ས་ཞིང་ཚུ་ ལག་ལེན་འཐབ་ནིའི་དོན་ལུ་ གཡུས་མི་ཚུ་གིས་ གཅིག་ཁར་འཛོམས་ཏེ་ དགའ་སྤྲོའི་ངང་ལུ་ ལུད་ཚུ་ ཕར་ཚུར་བསྐྱལ་ཏེ་ ལཱ་འབད་ནི་འགོ་བཙུགསཔ་ཨིན་པས།
དེ་ཡང་ མོང་སྒར་སྔ་ཚང་རྒེད་འོག་ དཔལ་ཤུབས་གཡུས་ཚན་ནང་ གེ་ཟ་བཏབ་ནིའི་དོན་ལུ་ ཨམ་སྲུ་སྡེ་ཚན་ཅིག་གིས་ སྒལ་ཏོ་ཁར་ ཙེའུ་ནང་ལུད་འབག་སྟེ་ ཞིང་ཚུ་ནང་བསྐྱལཝ་ཨིན་པས།
སྤྱི་ཟླ་༣ པ་ མཇུག་བསྡུ་ཁམས་ཅིག་ལས་ གཡུས་ཚན་ནང་སྡོད་མི་ཚུ་གིས་ ཞིང་ཚུ་ནང་ གེ་ཟ་འཛུགས་སྐྱོང་འབད་ནི་ཨིནམ་ད་ དེ་ཡང་ གནམ་དགུན་གྱི་ ལོ་ཐོག་ཚུ་ བསྡུ་ཚརཝ་ཨིནམ་ ཤེས་ཚུགས་ནི་ཨིན་པས།
ལུད་སྐྱེལ་བར་འོང་མི་ ཨང་རྒས་བདེ་ཆེན་གྱིས་ སླབ་མིའི་ནང་ ད་ལས་ཕར་ སོ་ནམ་གྱི་ལཱ་འབད་ནི་འགོ་ བཙུགས་པའི་ཤུལ་ལུ་ དུས་བཟང་ཁྱད་པར་ཅན་དང་ ཡར་ངོ་མར་ངོའི་སྐབས་ ངལ་གསོ་སྦེ་ སྡོད་ནིའི་དལ་ དབང་ཡོདཔ་མ་གཏོགས་ གནམ་དགུན་མ་རནམ་ཚུན་ཚོད་ ལཱ་འབད་དགོ་ཟེར་ ཨིན་པས།
ཨ་ལོ་༤ གི་ཨའི་ ཚེ་རིང་དབྱངས་ཅན་གྱིས་ སླབ་མི་དང་འཁྲིལཝ་ད་ མ་གཞི་ སོ་ནམ་གྱི་ལཱ་ལུ་བརྟེན་ བཟའ་ཚང་འཚོ་སྐྱོང་འབད་ནི་དེ་ དོ་འགྲན་ཅན་ཅིག་ཨིན་རུང་ གཡུས་མི་ཚུ་གི་བར་ན་ མཛའ་བཤེས་མཐུན་ལམ་ཐོག་ལས་ ལཱ་འབད་ཚུགས་ནི་དེ་གིས་ སེམས་དགའཝ་མས་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ མི་སྡེ་དཔལ་འབྱོར་གོང་འཕེལ་འགྱོ་མི་དང་བསྟུན་ ད་རེས་ནངས་པར་ སོ་ནམ་གྱི་ལཱ་ཚུ་ ག་ཅི་བཟུམ་འབད་རུང་ ཐོན་སྐྱེད་ཚུ་ བཙོང་མ་ཚུགས་པའི་དཀའ་ངལ་མེདཔ་མ་ཚད་ འོང་འབབ་ཡང་ འདས་པའི་ལོ་ཚུ་དང་ཕྱདཔ་ད་ ལེ་ཤ་གིས་ ཡར་དྲག་སོང་ཡི་ཟེར་ཨིན་པས།
སའི་ཇོ་བདག་ བཟང་མོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ནོར་ལུ་བརྟེན་ ལོ་གཅིག་ནང་བཟོ་མི་ལུད་དེ་ ས་ཞིང་ཨེ་ཀར་༡ ནང་བླུག་ནིའི་དོན་ལུ་ ལཱ་འབད་མི་༦༠ དེ་ཅིག་དགོཔ་ཨིན་རུང་ ཨམ་སྲུ་༢༥ ལས་ བརྒལ་འོང་མ་ཚུགས་ཟེར་ཨིན་པས།
ལུད་དེ་ཡང་ ནོར་སེམས་ཅན་མེད་པ་ཅིན་ བཟོ་མི་ཚུགས་ནི་དང་ ལུད་མེད་པ་ཅིན་ ཞིང་ནང་ ལོ་ཐོག་ག་ཅི་ར་ འཛུགས་སྐྱོང་འབད་རུང་ འབྲས་བུ་ལེགས་ཤོམ་འཐོན་ནི་ལུ་ དཀའ་ངལ་བྱུང་དོ་ཡོདཔ་ལས་ མེད་ཐབས་མེདཔ་ཅིག་ཨིན་ཟེར་ ཨ་ལོ་༤ གི་ཨའི་ བཟང་མོ་གིས་བཤད་ཅི།
ས་ཞིང་ཚུ་ མ་རྨོ་བའི་ཧེ་མར་ གཏོར་བཞག་མི་ལུད་ཚུ་ ད་རུང་ ཉིནམ་༡ གི་རིང་ ཞིང་ནང་ཁྱབ་ཚུགསཔ་སྦེ་ གཏོར་ཞིནམ་ལས་རྐྱངམ་གཅིག་ གེ་ཟ་བཏབ་དགོ་ནི་དེ་གིས་ རེ་ཚེ་སྐབས་ སོ་ནམ་གྱི་ལཱ་འབད་ནི་དེ་ཡང་ མནོ་བསམ་བཏང་མི་ཚུགས་པས་ཟེར་ སླབ་ཨིན་པས།
ལྷག་པར་དུ་ སྐྱེས་ལོ་༤༠ ལང་མི་ ཚེ་དབང་རྡོ་རྗེ་གིས་ སླབ་དོ་བཟུམ་འབད་བ་ཅིན་ མ་གཞི་ མི་སྡེ་ནང་ མི་རློབས་ལེ་ཤ་ཡོད་རུང་ སོ་ནམ་གྱི་ལཱ་འབད་ནིའི་དུས་ཚོད་ལུ་ རྒན་རྒས་ཚུ་མ་གཏོགས་ ཧེ་མ་བཟུམ་སྦེ་ གཞོནམ་ཚུ་ མཐོང་མས་ཟེར་ཨིན་པས།
ཨ་ལོ་ཚུ་ སློབ་གྲྭ་ནང་འགྱོ་མི་དང་ སློབ་རིམ་༡༠ པ་དང་༡༢ པ་ དེ་ལས་ མཐོ་རིམ་སློབ་གྲྭ་ཚུ་ལས་ མཐར་འཁྱོལ་མི་ན་གཞོན་ ལཱ་གཡོག་ཐོབ་མ་ཚུགས་མི་ཚུ་གིས་ཡང་ གཡུས་ཁར་སྡོད་མ་བཏུབ་པར་ གཡོག་འཚོལ་བར་ འགྱོ་མི་ལུ་བརྟེན་ ད་རེས་ནངས་པར་ གཡུས་ཁ་ལུ་ལཱ་འབད་མི་ མ་འཐོབ་པའི་དཀའ་ངལ་དེ་ ཡར་འཕར་འགྱོཝ་མས་ཟེར་ཨིན་པས།
ལྷག་པར་དུ་ ཟླ་ངོ་༥ ལྷགཔ་ཅིག་གི་རིང་ ཟད་འགྲོ་སྦོམ་བཏང་སྟེ་ འཛུགས་སྐྱོང་འབད་བའི་ཁར་ དཀའཝ་སྤྱད་དེ་ ལོ་ཐོག་བསྡུ་རནམ་ད་ རི་དྭགས་སེམས་ཅན་གྱིས་ ཉིན་ནུབ་མེད་པར་ གནོདཔ་བཀལ་མི་དང་ རང་བཞིན་གྱི་ རྐྱེན་ངན་ཚུ་ལུ་བརྟེན་ བར་ཆད་རྐྱབ་ནི་ཡོདཔ་ལས་ སོ་ནམ་པ་སྦེ་ སྡོད་ནི་ལུ་ཡང་ མནོ་བསམ་བཏང་མི་ཚུགས་པས་ཟེར་ ཚེ་དབང་རྡོ་རྗེ་གིས་ སླབ་ཨིན་པས།
གལ་སྲིད་ རི་དྭགས་སེམས་ཅན་དང་ འབྱུང་བ་བཞིའི་རྐྱེན་ངན་ཚུ་ མ་འབྱུང་པ་ཅིན་ ཞི་གཡོགཔ་ཚུ་བ་ལྷགཔ་སྦེ་ དགའ་སྐྱིད་སྐྱོང་ཚུགས་ནིའི་ གོ་སྐབས་ཡོད་པའི་ཁར་ འོང་འབབ་ཡང་ ལེགས་ཤོམ་བཟོ་ཚུགས་ནི་ཨིན་མི་ལུ་བརྟེན་ རང་མགོ་རང་འདྲོངས་སྦེ་ སྡོད་ནི་ལུ་ དཔེ་གཞན་ཁར་ བལྟ་མི་དགོ་དོ་འོང་ཟེར་ མི་སེར་ཚུ་གིས་ བསམ་འཆར་བཀོདཔ་ཨིན་པས།
མི་ཚུ་གིས་འབད་བ་ཅིན་ གཞུང་དང་ གཞུང་མིན་ལས་སྡེ་ དེ་ལས་ ཕྱི་རྒྱལ་གྱི་གྲོགས་རམ་ཐོག་ལས་ སོ་ནམ་པ་ཚུ་གི་མི་ཚེ་ མཐར་འཁྱོལ་ཅན་དང་ རང་མགོ་རང་འདྲོངས་ཀྱི་ དམིགས་དོན་འགྲུབ་ཐབས་ལུ་ འཕྲུལ་ཆས་ཀྱི་རིགས་དང་ སྦྱོང་བརྡར་ཚུ་གནང་ཡོད་རུང་ ལས་མི་མེད་པའི་དཀའ་ངལ་དེ་ སེལ་མ་ཚུགས་པར་ཡོད་ཟེར་ཨིན་པས།
དེ་འབདཝ་ལས་ གཞུང་དང་ མི་སྡེ་འགོ་ཁྲིདཔ་ཚུ་གིས་ སོ་ནམ་པའི་དཀའ་ངལ་དང་ ལས་མི་འཐོན་ནིའི་དོན་ལུ་ གུང་པ་རེ་ལས་ གཞོནམ་རེ་སྡོད་དགོ་པའི་ སྲིད་བྱུས་དང་ ཐབས་ལམ་ཚུ་ བཏོན་ནིའི་ དུས་ཚོད་རན་ནུག་ཟེར་ ཨིན་པའི་གནས་ཚུལ།

མོང་སྒར་ལས་ བཀྲིས་ཕུན་ཚོགས།

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *