མི་སེར་ཚུ་ལུ་ གེ་ཟའི་སོན་གསརཔ་ བཀྲམ་སྤེལ་འབད་བའི་བསྒང་།

སྔ་ཚང་རྒེད་འོག་ནང་ ཐོན་ཤུགས་ཆེ་བའི་ གེ་ཟའི་སོན་གསརཔ་ བཀྲམ་སྤེལ་འབད་ཡོདཔ།

༉ ཉིནམ་དག་པ་ཅིག་གི་ཧེ་མར་ མོང་སྒར་རྫོང་ཁག་ སྔ་ཚང་རྒེད་འོག་ནང་སྦེ་ གཡང་རྩེ་གེ་ཟའི་སོན་དང་ ལྕགས་མཁར་པ་གེ་ཟའི་སོན་ ཀེ་ཇི་༡,༣༣༣ དེ་ཅིག་ གུང་པ་༣༡༦ ལུ་ བཀྲམ་སྤེལ་འབད་ཡོདཔ་ལས་ དུས་ཅི་ ཐོན་སྐྱེད་ལེགས་ཤོམ་འོང་བའི་ རེ་བ་བསྐྱེདཔ་ཨིན་པས།

དེ་ཡང་ སྤ་རོ་ རྒྱལ་ཡོངས་སོན་ལྟེ་བ་གིས་བཟོ་མི་ གེ་ཟའི་སོན་ཚུ་ གུང་པ་རེ་ལུ་ ཀེ་ཇི་༥ རེ་ བཀྲམ་སྤེལ་འབད་ཡོདཔ་ད་ དེ་གིས་ ས་ཆ་གླང་དོ་ཕྱེད་དང་༣ དེ་ཅིག་ནང་ ཁྱབ་ཚུགས་ནི་ཨིན་པས།

ཡེ་མཁར་སྤྱི་འོག་ལས་ ཨ་ལོ་༣ གྱི་ཨའི་ པདྨ་གིས་ གེ་ཟའི་སོན་ ཀེ་ཇི་༤ ལྷགཔ་ཅིག་ཐོབ་མི་དེ་ སྐམ་ཞིང་ཨེ་ཀར་༡ ནང་ བཙུགས་ནི་ཨིན་ཟེར་ཨིན་པས།

སྐྱེས་ལོ་༢༧ ལང་མི་ རིན་ཆེན་དབང་མོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ གེ་ཟའི་སོན་དེ་ སྦོམ་ཡོདཔ་ལས་ གླང་དོ་༢ ནང་ འཛུགས་སྐྱོང་འབད་བའི་ཤུལ་ལས་ ཉེན་བཅོལ་ཡང་ འབད་དགོ་པས་ཟེར་ཨིནམ་ད་ དེ་ཡང་ རི་དྭགས་སེམས་ཅན་དང་ ཆར་ཆུ་ རླུང་འཚུབས་ཀྱི་ རྐྱེན་ངན་ཚུ་ལས་ ཉེན་སྲུང་འབད་ནིའི་དོན་ལུ་ཨིན་ཟེར་ཨིན་པས།

ད་ལྟོ་ཚུན་ གཞུང་གིས་ གེ་ཟའི་སོན་གནང་མི་དེ་ ས་ཞིང་ཨེ་ཀར་༡ ལྷགཔ་ཅིག་ནང་ འཛུགས་སྐྱོང་འབད་དེ་ བཟའ་ཚང་འཚོ་ སྐྱོང་འཐབ་སྡོད་ཅི་ཟེར་ ཨ་ལོ་༥ གི་ཨའི་ སྐྱེས་ལོ་༤༧ ལང་མི་ པདྨ་གཡང་སྒྲོན་གྱིས་ བཤད་པའི་ཁར་ མོ་གིས་འབད་བ་ཅིན་ ཐོན་ཤུགས་ཡོད་རུང་ གེ་ཟའི་ཤིང་རིངམོ་སྦེ་ སྐྱེས་དོ་ཡོདཔ་ལས་ རླུང་མ་འཕུ་བའི་སྐབས་ འགྱེལ་འགྱོ་བའི་དཀའ་ངལ་སྦོམ་འདུག་ཟེར་ཨིན་པས།

ཨིན་རུང་ ད་རེས་ རྒཔོ་དང་ སོ་ནམ་རྒྱ་སྐྱེད་ལས་རོགསཔ་༢ ཀྱིས་ མཉམ་འབྲེལ་ཐོག་ལས་ འགོ་འདྲེན་འཐབ་སྟེ་ ལྕགས་སི་མཁར་པ་དང་ གཡང་རྩེ་པའི་གེ་ཟའི་སོན་ བཀྲམ་མི་དེ་ ཤིང་རན་ཏོག་ཏོ་ཅིག་སྦེ་ སྐྱེས་དོ་ཡོདཔ་ལས་ རླུང་འཚུབས་དང་ ཆརཔ་གིས་ གནོདཔ་བཀལ་མི་ཚུགས་ཟེར་ཨིན་པས།

སྔ་ཚང་རྒཔོ་ རྡོ་རྗེ་ལས་སྐྱིད་ཀྱིས་ སླབ་མིའི་ནང་ སྤྱི་ལོ་༢༠༡༦ དང་༢༠༡༧ ལུ་ རྒེད་འོག་ནང་ རླུང་འཚུབས་ཀྱིས་ གེ་ཟ་མེདཔ་བཏང་མི་ལུ་བརྟེན་ སོ་ནམ་པ་ཚུ་ལུ་ སྡུག་བསྔལ་མྱོང་ཡོད་རུང་ རྒེད་འོག་གི་ཧོངས་ལས་ རྒྱབ་སྐྱོར་ག་ནི་ཡང་ འབད་མ་ཚུགས་ཟེར་ཨིན་པས།

ཨིན་རུང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ མི་སེར་ཚུ་ལུ་ སེམས་གསོ་གསོལ་རས་གནང་མི་ བཀྲིན་རྗེས་སུ་དྲན་ཏེ་ སྤྱི་ལོ་༢༠༡༧ ལུ་ ཐབས་ཤེས་བཟུམ་ཅིག་སྦེ་ སྤུས་ཚད་དང་ལྡན་པའི་ གེ་ཟའི་སོན་ཚུ་ བཀྲམ་ནིའི་དོན་ལུ་ གྲོས་འཆར་བཟོ་སྟེ་ རྫོང་ཁག་སོ་ནམ་སྡེ་ཚན་ལུ་ བཙུགས་མི་དང་བསྟུན་ དུས་ཅི་ རྒྱབ་སྐྱོར་ཐོབ་ཅི་ཟེར་ རྒཔོ་རྡོ་རྗེ་ལས་སྐྱིད་ཀྱིས་ སླབ་ཨིན་པས།

རྒཔོ་རྡོ་རྗེ་ལས་སྐྱིད་ཀྱིས་ སླབ་མི་དང་འཁྲིལ་བ་ཅིན་ མི་སེར་སོ་ནམ་པ་ཚུ་གི་དོན་ལུ་ རྒེད་འོག་གི་ཧོངས་ལས་ འཆར་གཞི་དང་ལས་སྣ་ཚུ་ བརྩམས་ཡོདཔ་བཞིན་དུ་ ཤ་མུ་སོན་འཛུགས་སྐྱོང་གི་ ཅ་ཆས་ཚུ་ བཀྲམ་སྤེལ་འབད་བའི་ཁར་ ནོར་གྱི་རྩྭ་སྐམ་བཟོ་ནིའི་ཅ་ཆས་དང་ ཚོད་བསྲེ་དང་ཤིང་འབྲས་ཀྱི་ ལྕང་སོན་འཛུགས་སྐྱོང་དོན་ལུ་ གྱིབ་ཀྱི་ཁྱིམ་ཚུ་ གྲོགས་རམ་འབད་ཡི་ཟེར་ ཨིན་པས།

གཞུང་དང་ ལས་སྡེ་ཚུ་གིས་ སོ་ནམ་པའི་ གནས་སྟངས་གོང་འཕེལ་གཏང་ནིའི་དོན་ལུ་ མཐུན་རྐྱེན་ཚུ་ མ་དངུལ་དང་ འཕྲུལ་རིག་གི་ཐོག་ལས་ རྒྱབ་སྐྱོར་གང་དྲག་གནང་ཡོད་རུང་ སོ་ནམ་པ་ཚུ་གིས་ བརྩོན་ཤུགས་བསྐྱེད་དེ་ འབད་མ་ཚུགས་པའི་གདོང་ལེན་སྦོམ་འདུག་ཟེར་ རྒཔོ་རྡོ་རྗེ་ལས་སྐྱིད་ཀྱིས་ སླབ་ཨིན་པས།

དཔལ་ཤུབ་སྤྱི་འོག་ལས་ སྐྱེས་ལོ་༤༩ ལང་མི་ སངས་རྒྱས་རྡོ་རྗེ་གིས་ སླབ་མིའི་ནང་ གཞུང་དང་ རྒེད་འོག་གི་ཧོངས་ལས་ མ་དངུལ་དང་མཐུན་རྐྱེན་ཚུ་ རྒྱབ་སྐྱོར་གནང་མི་དང་བསྟུན་ མི་སེར་ཚུ་གིས་ ལཱ་རྩ་འགེངས་འབད་རུང་ རི་དྭགས་སེམས་ཅན་དང་ རང་བཞིན་གྱི་ རྐྱེན་ངན་ཚུ་གིས་ གནོད་སྐྱོན་རྐྱབ་མི་ལུ་བརྟེན་ སྤྲོ་བ་ཞན་འགྱོཝ་མས་ཟེར་ ཨིན་པའི་གནས་ཚུལ།

སྔ་ཚང་ལས་ བཀྲིས་ཕུན་ཚོགས།

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *