༉ རྒྱལ་ཁབ་ནང་འཁོད་ཀྱི་ ས་གནས་ག་ཏེ་ར་འབད་རུང་ སྒྲ་དབྱངས་ཁང་ཚུ་ གནམ་ནུབ་མོར་ དབངཔོ་ངལ་མི་དང་ སེམས་སྡུག་བྱུང་མི་ དེ་ལས་ སྤྲོ་བ་སྟོན་ནི་ལུ་ དགའ་མི་ཚུ་གི་དོན་ལས་ ས་གོ་ལེགས་ཤོམ་ཅིག་ཨིན་མས།
དེ་མ་ཚད་ སྒྲ་དབྱངས་ཁང་ཚུ་ནང་ གཙོ་བོ་ར་ རང་ལུགས་ཀྱི་ གཞུང་སྒྲ་དང་ བོད་སྒྲ་ རིག་གསར་ལ་སོགས་པའི་ གླུ་གཞས་འཐེན་ནི་དང་ བྲོ་འཁྲབ་འབདཝ་ད་ རང་ལུགས་ཀྱི་ལམ་སྲོལ་ མི་ཉམས་གོང་འཕེལ་དང་ ཉམས་པ་སོར་ཆུད་འབད་མི་ ས་གོ་ཅིག་ཡང་ཨིན་པའི་ཁར་ ད་རེས་ནངས་པར་ ན་གཞོན་ཚུ་ལུ་ ལཱ་གཡོག་མ་ཐོབ་པའི་ དཀའ་ངལ་སྦོམ་ཡོད་པའི་ ནམ་དུས་ལུ་ སྒྲ་དབྱངས་ཁང་ཚུ་གིས་ ལཱ་གཡོག་གི་ གོ་སྐབས་བྱིནམ་ཨིན་མས།
ཨིན་རུང་ སྤྱིར་བཏང་གི་ མཐོང་སྣང་དང་ མནོ་ལུགས་ཚུ་དང་འཁྲིལ་བ་ཅིན་ སྒྲ་དབྱངས་ཁང་ཚུ་ནང་ ལཱ་འབད་མི་ཚུ་ སྐྱོ་སུ་ཅིག་སྦེ་ བརྩི་དོ་ཡོད་མི་དེ་ཡང་ དེ་ནང་ལཱ་འབད་མི་ མང་ཤོས་ར་ བུམོ་དང་ཨམ་སྲུ་ཚུ་ཨིནམ་མ་ཚད་ ནུབ་མོར་ལཱ་འབད་དགོ་ནི་དེ་གིས་ཨིན་མས།
ད་རེས་ནངས་པར་ རྒྱལ་ཁབ་ནང་འཁོད་ལུ་ ཆོག་ཐམ་འཆང་མི་ སྒྲ་དབྱངས་ཁང་༤༢ ཡོད་མིའི་གྲས་ལས་ རྒྱལ་ས་ལྟེ་བ་ཐིམ་ཕུག་ལུ་ སྒྲ་དབྱངས་ཁང་༡༣ ཡོད་མི་ཚུ་ནང་ ལཱ་འབད་མི་ མང་ཤོས་ར་ ཤེས་ཡོན་འཕྲོ་མཐུད་ལྷབ་མ་ཚུགས་མི་དང་ རྨགཔ་དང་ཡ་བྲལ་སོ་སོཔ་ དེ་ལས་ ཕམ་ཉམ་ཆུང་གི་ བུམོ་ཚུ་ཨིན་མས།
ཁོང་ཆ་ཁྱབ་ སྒྲ་དབྱངས་ཁང་ཚུ་ནང་ ནུབ་ཕྱེད་ཚུན་ སྡོད་དགོ་ནི་དེ་གིས་ ཕོ་སྐྱེས་ཚུ་གིས་ཡང་ འདོད་སྤྱོད་ཀྱི་དོན་ལུ་ གོ་སྐབས་ལེན་མི་ལུ་བརྟེན་ ལཱ་སྐྱོ་དྲགས་སྦེ་ བརྩི་འཇོག་འབདཝ་ཨིན་མས།
སྒྲ་དབྱངས་ཀྱི་ བུམོ་དང་ཨམ་སྲུ་ཚུ་ བཀོལ་སྤྱོད་འབད་ནི་གི་ ཉེན་ཁ་སྦོམ་ཡོད་མི་ལུ་བརྟེན་ འདས་པའི་བདུན་ཕྲག་ནང་ ཐིམ་ཕུག་ལུ་ སྒྲ་དབྱངས་ཁང་ཚུ་ནང་ ལཱ་འབད་མི་ཚུ་ལུ་ ཉེན་སྲུང་ཡོདཔ་ བཟོ་ཐབས་ལུ་ ཨམ་སྲུ་ཆ་བཞག་དང་ ལྕོགས་གྲུབ་ཡར་སྐྱེད་ལས་སྡེ་གིས་ གྲོས་བསྟུན་ཞལ་འཛོམས་ཅིག་ འགོ་འདྲེན་འཐབ་ཐོག་ལས་ སྒྲ་དབྱངས་ཁང་༡༣ གྱི་ ངོ་ཚབ་སྦེ་ སྒྲ་དབྱངས་ཁང་ནང་ལཱ་འབད་མི་ བུམོ་༣ བཙག་འཐུ་འབད་ཡོད་མི་དེ་ཡང་ ཚོགས་ཆུང་ཅིག་ གཞི་བཙུགས་འབད་ཐབས་ལུ་ཨིན་མས།
ཚོགས་ཆུང་དེ་ སྒྲ་དབྱངས་ཁང་ཚུ་ནང་ ལཱ་འབད་མི་ བུམོ་ཚུ་གི་ དཀའ་ངལ་སེལ་ཐབས་འབད་ནི་དང་ བཅའ་ཁྲིམས་དང་སྒྲིག་གཞི་ཚུ་ བསྟར་སྤྱོད་འབད་ཚུགསཔ་ བཟོ་ཐབས་ལུ་ཨིནམ་ད་ གལ་སྲིད་ ཚོགས་ཆུང་དེ་ ཐིམ་ཕུག་ལུ་ མཐར་འཁྱོལ་བྱུང་པ་ཅིན་ རྫོང་ཁག་གཞན་ཚུ་ནང་ གཞི་བཙུགས་འབད་ནི་ཟེར་ཨིན་མས།
སྒྲ་དབྱངས་ཚུ་ནང་ ལཱ་འབད་མི་ཚུ་ལུ་ དཀའ་ངལ་ལེ་ཤ་ཡོད་པའི་གྲས་ལས་ སྒྲ་དབྱངས་ཁང་ ལ་ལོ་ཅིག་གིས་ དུས་ཚོད་ཁར་ དུམ་གྲ་རེ་ ཕྱིས་སོ་རུང་ ཇོ་བདག་ཚུ་གིས་ དངུལ་ཕོགས་བཏོག་བཏངམ་མ་ཚད་ སྒྲ་དབྱངས་ཁང་ནང་ ལཱ་འབད་ནི་གི་ སྤྲོ་བ་ཞན་རུང་ ལཱ་གཡོག་ནང་ འཛུལ་བའི་སྐབས་ ཇོ་བདག་དང་གཅིག་ཁར་ གན་ཡིག་བཟོ་མི་ལུ་བརྟེན་ གཞན་ཁར་འགྱོ་མ་ཚུགས་པར་ ཐོགས་ལུས་པའི་ དཀའ་ངལ་ཚུ་ཡང་ཡོད་ཟེར་ཨིན་མས།
ཇོ་བདག་ལ་ལོ་གིས་ ནུབ་མོ་སྒོ་བསྡམ་ནིའི་ དུས་ཚོད་ཁར་ རྩ་ལས་ར་ བསྡམ་ནི་མེད་པའི་ཁར་ འོང་འབབ་ཐེབས་བཟོ་མི་དེ་ཡང་ ལཱ་འབད་མི་ཚུ་ལུ་ བགོ་བཤའ་རྐྱབ་བྱིན་ནི་མེདཔ་ཨིན་མས།
ཨམ་སྲུ་ཆ་བཞག་དང་ ལྕོགས་གྲུབ་ཡར་སྐྱེད་ལས་སྡེའི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ ལས་སྡེ་ནང་ རྩུབ་སྤྱོད་དང་འབྲེལ་བའི་ ཉོགས་བཤད་བཀོད་མི་ བརྒྱ་ཆ་༩༨ ཨམ་སྲུ་ཚུ་ཨིན་པའི་ཁར་ སྒྲ་དབྱངས་ཁང་ཚུ་ནང་ ལཱ་འབད་མི་བུམོ་ཚུ་གིས་ཡང་ རྒྱབ་སྐྱོར་འཚོལ་བར་ འོང་ནི་ཡོད་ཟེར་ཨིན་མས།
མ་གཞི་ སྒྲ་དབྱངས་ཁང་ཚུ་ལུ་བརྟེན་ རང་ལུགས་ཀྱི་ ལམ་སྲོལ་ལུ་ ཐོ་ཕོག་དོ་ཡོད་པའི་ སྐྱོན་བརྗོད་དང་ ཁ་བཏང་མི་ཐོནམ་ཨིན་རུང་ སྒྲ་དབྱངས་ཀྱི་ བུམོ་དང་ཨམ་སྲུ་ཚུ་གིས་ ལཱ་ཁག་སྦེ་ འོང་འབབ་བཟོ་མི་ཚུ་ རང་སོའི་གཡུས་ཁར་སྡོད་མི་ ཕམ་སྤུན་ཆ་དང་ ཉེ་ཚན་ཚུ་ལུ་ བསྐྱལ་ཐོག་ལས་ ལྷན་ཐབས་འབད་མི་དེ་གིས་ སློབ་གྲྭ་ནང་འགྱོ་མི་ ཨ་ལོ་ཚུ་ལུ་ ཕན་ཐོགས་བྱུང་པའི་ ལོ་རྒྱུས་ཚུ་ཡང་གོཝ་མས།
ང་བཅས་ཀྱིས་ སྒྲ་དབྱངས་ཁང་ཚུ་གིས་གཙོས་པའི་ ལཱ་ག་ཅི་ནང་འབད་རུང་ ལཱ་གཡོག་གི་ དབྱེ་བ་མ་ཕྱེ་བར་ འདྲ་མཉམ་སྦེ་ བརྩི་འཇོག་འབད་དགོཔ་མ་ཚད་ ལྷག་པར་དུ་ ཨམ་སྲུ་ཚུ་ལུ་ གུས་ཞབས་དང་ བརྩི་མཐོང་སྦོམ་བསྐྱེད་དགོ་ཟེར་ ཞུ་ནི་ཨིན།
Check Also
འབྲུག་པཱན་ཇབ་དངུལ་ཁང་གི་ ལས་བྱེདཔ་ཅིག་ལུ་ བཙོན་ཁྲིམས་ལོ་༩ ལྷགཔ་ཅིག་ཕོག་ཡོདཔ།
༉ ཐིམ་ཕུག་རྫོང་ཁག་ཁྲིམས་འདུན་གྱིས་ འབྲུག་པཱན་ཇབ་དངུལ་ཁང་གི་ དངུལ་བཏོན་འཕྲུལ་ཆས་ཨེ་ཊི་ཨེམ་གྱི་ ལཱ་འབད་མི་ འཕྲིན་ལས་རྒྱ་མཚོ་གིས་ ཐིམ་ཕུག་ཁྲོམ་ལུ་ཡོད་པའི་ དངུལ་ཁང་གི་ ཨེ་ཊི་ཨེམ་༩ དེ་ཅིག་ལས་ དངུལ་ཀྲམ་ས་ཡ་༡༠ ལྷགཔ་ཅིག་ ཚུལ་མིན་སྒེར་སྤྱོད་འབད་མི་ལུ་བརྟེན་ བཙོན་ཁྲིམས་ལོ་༩ ལྷགཔ་ཅིག་ …