༉ རྒྱལ་ཡོངས་ཚོགས་སྡེ་གིས་ ལམ་སྲོལ་གྱི་སྙན་ཞུའི་གུ་ གསུང་གྲོས་གནང་པའི་སྐབས་ རྒྱལ་ཁབ་ནང་ཡོད་པའི་ སྒྲ་དབྱངས་དང་ གླུ་དབྱངས་ཁང་ཚུ་གིས་ རང་ལུགས་ཀྱི་ལམ་སྲོལ་ཚུ་ ཉམས་བཅུགཔ་མས་ཟེར་ཨིན་པས།
མོང་སྒར་གྱི་འཐུས་མི་ བསོད་ནམས་དབང་ཕྱུག་གིས་ སྒྲ་དབྱངས་དང་གླུ་དབྱངས་ཚུ་ལུ་ གནང་བ་བྱིན་མི་དེ་གིས་ ཚོང་འབྲེལ་དང་ལཱ་གཡོག་གི་ གོ་སྐབས་ཚུ་ བཟོ་ཚུགས་ཏེ་ཡོད་རུང་ རང་ལུགས་ཀྱི་ལམ་སྲོལ་ཚུ་ ཉམས་པའི་ཐོག་ལས་ མི་མང་ལུ་ སྤྱན་འབུལ་ཕུལ་བའི་སྐབས་ ག་གིས་ ལྟ་རྟོག་འབདཝ་སྨོ་ཟེར་ཞུ་ཡི།
ཁོ་གིས་ སྒྲ་དབྱངས་དང་གླུ་དབྱངས་ཚུ་ ཚོང་འབྲེལ་གྱི་དོན་ལུ་ཨིན་རུང་ རང་ལུགས་ཀྱི་ ལམ་སྲོལ་དང་འཁྲིལ་ ཨིན་ན་མེན་ན་བལྟ་དགོཔ་དེ་ཡང་ གལ་ཆེ་བས་ཟེར་ ཞུ་ཡོདཔ་ད་ ཁོ་གིས་ ལམ་སྲོལ་གྱི་དོན་ལུ་ འབྲེལ་བ་ཡོད་པའི་ ལམ་སྲོལ་ལས་ཁུངས་ཡང་ཡོདཔ་ལས་ གནང་བ་བྱིན་པའི་སྐབས་ ལས་ཁུངས་ལས་ཡང་ གནང་བ་ལེན་དགོཔ་བཟུམ་སྦེ་ མཐོངམ་མས་ཟེར་ཞུ་ཡི།
ཆུ་ཁའི་འཐུས་མི་ པདྨ་བསྟན་འཛིན་གྱིས་ སྒྲ་དབྱངས་ཁང་ཚུ་ནང་ རྫོང་ཁའི་ཞབས་ཁྲ་འཐེན་མི་དེ་ ཉུང་སུ་ཅིག་ལས་བརྒལ་མེདཔ་ལས་ དམ་འཛིན་འབད་མི་ དབང་འཛིན་ཚུ་ལུ་ གདོང་ལེན་ཅན་ཅིག་ ཨིན་པའི་ཁར་ ཁྲིམས་འགེལ་འབད་མི་ མཐོ་ཤོས་ར་ སྒྲ་དབྱངས་ཁང་ཚུ་ནང་ལས་ ཐོན་དོ་ཡོད་པའི་ ལོ་རྒྱུས་འདུག་ཟེར་ཞུ་ཡི།
ཀྲོང་གསར་གྱི་འཐུས་མི་ མཐར་ཕྱིན་གྱིས་ གླུ་དབྱངས་ཁང་དང་ སྒྲ་དབྱངས་ཁང་ཚུ་གིས་ ལཱ་གཡོག་ཟེར་རུང་ བུམོ་འཇའ་རིསམོ་ཚུ་ལུ་རྐྱངམ་གཅིག་ བྱིན་དོ་ཡོདཔ་ལས་ དེ་གི་འབྱེམ་དེ་ བཟའ་ཚང་དང་ནང་མི་ དེ་ལས་ གཉེན་གྲོགས་ཀྱི་བར་ན་ དཀའ་ངལ་སྦོམ་སྦེ་ར་ བྱིན་ཏེ་འདུག་ཟེར་ཞུ་ཡི།
པདྨ་བསྟན་འཛིན་གྱིས་ ད་ལྟོ་ སྒྲ་དབྱངས་ཁང་མེད་མི་ རྫོང་ཁག་༡༠ ནང་ བཙུགས་ནི་ལུ་ རྒྱབ་སྐྱོར་མ་འབད་བར་ ཧེ་མ་ལས་ཡོད་མི་ཚུ་ལུ་ བསྐྱར་ཞིབ་འབད་དགོཔ་འདུག་ཟེར་ཞུ་ཡི།
ཁྲི་འཛིན་བསོད་ནམས་ཀུན་དགའ་གིས་ སྒྲ་དབྱངས་ཁང་ནང་ལཱ་འབད་མི་ བུམོ་ཚུ་གིས་ ཁོང་གིས་འབད་མི་ལཱ་ལུ་ ངལ་རངས་བཅུག་དགོ་ཟེར་ གསུངས་ཡི།
གནད་དོན་དེ་ལུ་ གྲོས་བསྡུར་འབད་བའི་སྐབས་ འཐུས་མི་ལ་ལོ་ཅིག་གིས་ གཞུང་གིས་ ངོས་འཛིན་འབད་མི་ ལམ་སྲོལ་གྱི་ སློབ་སྟོན་པ་འབད་ཆོག་པའི་ ལག་ཁྱེར་ཡོད་མི་ཚུ་གིས་རྐྱངམ་གཅིག་ སློབ་གྲྭ་དང་ རྫོང་ཁག་ཚུ་ནང་ སྦྱོང་བརྡར་བྱིན་ཆོགཔ་སྦེ་ཡོད་མི་དེ་ལུ་ཡང་ བལྟ་དགོཔ་འདུག་ཟེར་ ཞུ་ཡོདཔ་ད་ མགར་སའི་འཐུས་མི་ སངས་རྒྱས་མཁའ་འགྲོ་གིས་ གྲོང་གསེབ་ནང་ལས་ཕར་ སྦྱང་བ་ཡོད་མི་ཚུ་ལུ་ཡང་ སློབ་སྟོན་འབད་ནི་གི་ གོ་སྐབས་ཚུ་ བྱིན་དགོཔ་འདུག་ཟེར་ཞུ་ཡི།
ཁོ་གིས་ ཁྲོམ་སྡེ་ནང་ སྡོད་མི་ཚུ་གིས་ རང་སོའི་ མི་སྡེ་གི་ཚོགས་པ་ཚུ་ བཟོ་སྟེ་ཡོདཔ་ལས་ དེ་ཚུ་གིས་ རང་སོའི་ལུང་པའི་ལམ་སྲོལ་ཚུ་ མི་མང་ལུ་ སྤྱན་འབུལ་འབད་བ་ཅིན་ མི་ཚུ་ག་ར་ གཅིག་ཁར་འཛོམས་ཚུགས་ཟེར་ཨིན་པས།
ཁྲི་འཛིན་གྱིས་ ས་གནས་གཞུང་གི་ གནས་ཚད་ནང་ ལམ་སྲོལ་གྱི་ལས་རིམ་ཚུ་རནམ་ད་ གཞུང་ལས་ མ་དངུལ་གྱི་གྲོགས་རམ་འཚོལ་སྡོད་ནི་མེན་པར་ ས་གནས་གཞུང་གི་ འགོ་ཁྲིདཔ་ཚུ་གིས་ རང་སོའི་གཡུས་སྒོ་ཚུ་ལས་ཡང་ གྲོགས་རམ་ལེན་དགོ་ཟེར་ཨིན་པས།
འཐུས་མི་ལ་ལོ་ཅིག་གིས་ འབྲུག་རྒྱང་བསྒྲགས་ལས་འཛིན་གྱིས་ སློབ་གྲྭ་ཁག་གི་ ཨ་ལོ་ཆུང་ཀུ་ཚུ་གིས་ ཞབས་ཁྲ་རྐྱབ་མི་ཚུ་ སྟོན་ནི་མེན་པར་ གཡུས་སྒོའི་ལམ་སྲོལ་ཚུ་ སྟོན་དགོཔ་འདུག་ཟེར་ཞུ་ཡི།
ཁ་སྐད་ཀྱི་སྐོར་ལས་ གྲོས་བསྡུར་འབད་བའི་སྐབས་ མོང་སྒར་གྱི་འཐུས་མི་གིས་ སློབ་གྲྭ་ནང་ ཨ་ལོ་ཚུ་གིས་ ཨིང་སྐད་དང་ རྫོང་ཁ་རྐྱངམ་གཅིག་ སླབ་བཅུག་དོ་ཡོད་རུང་ ཨ་ལོ་ཚུ་ལུ་ རང་སོའི་ གཡུས་སྐད་ཚུ་ཡང་ སླབ་བཅུག་དགོ་ཟེར་ཞུ་ཡི།
ཚོགས་སྡེ་གིས་ ལས་འཛིན་ལ་ལོ་ཅིག་གིས་ གོ་གི་ཚབ་ལུ་ དོརམ་དང་ ཁེན་འཇར་ཚུ་ གྱོན་ནི་ཡོད་པའི་སྐོར་ལས་ཡང་ གྲོས་བསྡུར་འབད་ཡོདཔ་ད་ དེ་ལུ་ མོང་སྒར་གྱི་འཐུས་མི་གིས་ ལཱ་འབད་བའི་སྐབས་ སྟབས་མ་བདེ་བ་ཅིན་ ལཱ་འབད་སའི་ ས་ཁོངས་ནང་ དོརམ་གྱོན་ཏེ་ ཡིག་ཚང་ནང་འོངམ་ད་ གོ་དེ་ར་ གྱོན་ནི་ཡོདཔ་ཅིག་ འབད་དགོཔ་འདུག་ཟེར་ཞུ་ཡི།
ཚོགས་སྡེ་གིས་ ལམ་སྲོལ་བློ་གཏད་མ་དངུལ་གྱི་སྐོར་ལས་ གྲོས་བསྡུར་འབད་བའི་སྐབས་ གཞལམ་སྒང་གི་འཐུས་མི་ པདྨ་གྲགས་པ་གིས་ ལྟ་བཤལཔ་ཚུ་ མང་ཤོས་ར་ རྒྱལ་ཁབ་ཀྱི་ ལམ་སྲོལ་ལུ་བལྟ་སྟེ་ འོང་དོ་ཡོདཔ་ལས་ ལྟ་བཤལ་ལས་ཐོབ་མི་ སྤྱོད་ཁྲལ་དེ་ནང་ལས་ ལམ་སྲོལ་གྱི་ བློ་གཏད་མ་དངུལ་ནང་ མང་མང་ཉུང་ཉུང་ཅིག་ ལོ་བསྟར་བཞིན་དུ་ བཙུགས་དགོ་པའི་ གྲོས་འདེབས་འབད་ཡི།
དེ་ལུ་ ཁྲི་འཛིན་གྱིས་ གྲོས་འདེབས་དེ་ འོས་འབབ་ཡོད་པའི་ གྲོས་འདེབས་ཅིག་འབདཝ་ལས་ ཚོགས་ཆུང་གིས་ བལྟ་དགོཔ་སྦེ་ གསུངས་ཡོདཔ་ད་ ཚོགས་སྡེ་གིས་ གྲོས་འདེབས་ཚུ་ལུ་ མཐའ་བཅད་ཀྱི་ གསུང་གྲོས་དེ་ རེས་གཟའ་མིག་དམར་ལུ་ གནང་ནི་ཨིན་པའི་གནས་ཚུལ།
བཀྲིས་བསྟན་འཛིན།