སྒྲ་དབྱངས་ཁང་ཚུ་གི་ གནད་དོན་ཐོག་ལུ་ བསྐྱར་ཞིབ་འབད་དགོཔ།

༉ རྒྱལ་ཁབ་ཀྱི་ ཡར་རྒྱས་འགྱུར་བ་དང་བསྟུན་ ད་རེས་ནངས་པར་ རྒྱལ་ས་ལྟེ་བ་གིས་གཙོས་པའི་ རྫོང་ཁག་ཚུ་ནང་ སྒྲ་དབྱངས་ཁང་ཟེར་ གནམ་ནུབ་མོའི་ གླུ་གཞས་ཀྱི་ སྤྲོ་སྟོན་ཁང་ཚུ་ ལོ་གཅིག་བ་ལོ་གཅིག་ མང་སུ་ཐོན་པའི་ མངོན་གསལ་བྱུངམ་ཨིན་མས།
སྒྲ་དབྱངས་ཁང་གི་གྱངས་ཁ་ མང་སུ་ཐོན་མི་དང་བསྟུན་ ལེགས་པའི་ཆ་རྐྱེན་དང་ གནོད་པའི་སྐྱོན་གཉིས་ཆ་ར་ ངམ་ངམ་ཤུགས་ཀྱིས་ གཅིག་ཁར་བྱུངམ་ཨིན་མས།
དེ་ཡང་ ལེགས་པའི་ཆ་རྐྱེན་ཟེརཝ་ད་ སྒྲ་དབྱངས་ཁང་ལུ་བརྟེན་ གཞུང་སྒེར་གྱི་ ཡིག་ཚང་ཚུ་ནང་ ལཱ་འབད་མི་ཚུ་ ཁོང་རའི་ ལཱ་ལུ་བརྟེན་པའི་ འདུ་འཛི་དང་ སེམས་སྡུག་བྱུང་མི་ཚུ་ སངས་ཐབས་འབད་ནིའི་དོན་ལུ་ གནམ་ནུབ་མོའི་ ཞབས་ཁྲ་གི་ སྤྲོ་སྟོན་ལས་རིམ་ཚུ་ནང་ དུས་ཡུན་དུམ་གྲ་ཅིག་ལས་བརྒལ་ གྲལ་གཏོགས་མ་འབད་རུང་ དེ་གིས་ སེམས་ཀྱི་ཚ་གྱང་ཚུ་ ཞི་ཐབས་འབད་དེ་ སྤྲོ་བའི་ངང་ལུ་ སྡོད་ཚུགས་པའི་ ཕན་ཁྱད་བྱུངམ་ཨིན་མས།
གནོད་པའི་སྐྱོན་གྱི་ དབང་དུ་བཏང་པ་ཅིན་ དང་པ་ རང་ལུགས་ཀྱི་ལམ་སྲོལ་ཚུ་ ཚུལ་དང་ལྡནམ་སྦེ་ ལག་ལེན་མ་འཐབ་པའི་ཁར་ གཉིས་པ་ཟེརཝ་ད་ སྒྲ་དབྱངས་ཁང་ཚུ་ནང་ལས་ ཁྲིམས་འགལ་གྱི་ བྱ་ངན་ཚུ་ ལེ་ཤ་ཐོན་དོ་ཡོད་པའི་ ལོ་རྒྱུས་ཚུ་ གོཝ་ཨིན་མས།
གནད་དོན་འདི་ལུ་བརྟེན་ ཉིནམ་དག་པ་ཅིག་གི་ཧེ་མར་ ང་བཅས་རའི་ དབུ་འཕང་མཐོ་བའི་ ཁྲིམས་བསྐྱར་ཞིབ་ཚོགས་ཁང་ རྒྱལ་ཡོངས་ཚོགས་འདུ་ནང་ ལམ་སྲོལ་གྱི་སྙན་ཞུའི་གུ་ གསུང་གྲོས་གནང་པའི་སྐབས་ རྒྱལ་ཁབ་ནང་ཡོད་པའི་ སྒྲ་དབྱངས་ཁང་ཚུ་གིས་ རང་ལུགས་ཀྱི་ལམ་སྲོལ་ཚུ་ ཉམས་བཅུགཔ་མས་ཟེར་བའི་ གྲོས་བསྡུར་ཚུ་ ཞིབ་པར་འབད་ནུག།
དེ་བསྒང་ འཐུས་མི་ལ་ལོ་ཅིག་གིས་ སྒྲ་དབྱངས་ཁང་ཚུ་ ཚོང་འབྲེལ་གྱི་དོན་ལུ་ཨིན་རུང་ རང་ལུགས་ཀྱི་ ལམ་སྲོལ་དང་འཁྲིལ་མ་འཁྲིལ་ བལྟ་དགོཔ་གལ་ཆེ་བས་ཟེར་ གསལ་ཞུ་འབད་ཡོདཔ་མ་ཚད་ ལམ་སྲོལ་ལས་ཁུངས་ལས་ཡང་ གནང་བ་ལེན་དགོ་པའི་ ཞུ་བ་ཕུལ་ནུག།
དེ་མ་ཚད་ སྒྲ་དབྱངས་ཁང་ཚུ་ནང་ གྲལ་གཏོགས་འབད་བར་འོང་མི་དེ་ སྤྱིར་བཏང་འབྲུག་མི་ཚུ་ཨིན་རུང་ ཕྱིའི་རྒྱལ་ཁབ་ནང་ ལྷོད་སོཔ་བཟུམ་སྦེ་ རྫོང་ཁའི་ཞབས་ཁྲ་ འཐེན་མི་དང་ཕྱདཔ་ད་ ཕྱི་ཁའི་ཞབས་ཁྲ་འཐེན་མི་ མང་སུ་ཡོདཔ་ལས་ དེ་གིས་ ང་བཅས་རའི་ ལམ་སྲོལ་ལུ་ ཐོ་ཕོག་ཉེན་ཡོདཔ་སྦེ་ཨིན་མས།
སྒྲ་དབྱངས་ཁང་ཚུ་ནང་ ཕྱི་ཁའི་ཞབས་ཁྲ་འཐེན་ནི་དེ་ བར་སྐབས་ཅིག་ལས་ ཡོངས་གྲགས་ཐལ་ཡོདཔ་ད་ འགོ་ཐོག་ལུ་འབད་བ་ཅིན་ སྒྲ་དབྱངས་ཁང་ཚུ་ནང་ ག་ཏེ་འགྱོ་ལྟ་རུང་ རང་ལུགས་ཀྱི་ གྱོན་ཆས་ཚུ་ ཚུལ་མཐུན་གྱོན་ཐོག་ལས་ ཞབས་ཁྲ་ཚུ་ལུ་ར་ གཙོ་བོར་བཏོན་ཏེ་ འཐེན་སྡོདཔ་མ་གཏོགས་ ད་རེས་ནངས་པ་བཟུམ་སྦེ་ ཕྱི་ཁའི་ཞབས་ཁྲ་ཚུ་ འཐེན་སྲོལ་མེདཔ་ཨིན།
སྒྲ་དབྱངས་ཁང་ལུ་བརྟེན་ འོང་འབབ་ལེགས་ཤོམ་སྦེ་ བཟོ་ཚུགས་པའི་ གོ་སྐབས་ཡོད་མི་ལུ་བརྟེན་ རྫོང་ཁག་ལ་ལོ་ཅིག་ནང་ མི་རློབས་དང་མ་བསྟུན་པའི་ སྒྲ་དབྱངས་ཁང་ལེ་ཤ་ གཞི་བཙུགས་འབད་སར་མཐོངམ་ད་ ད་ལྟོ་ལས་ ཚད་འཛིན་མ་འབད་བ་ཅིན་ ཤུལ་ལས་ ལམ་སྲོལ་ལུ་ གནོདཔ་མ་ཚད་ ཁྲིམས་འགལ་གྱི་ བྱ་ངན་ཚུ་ཡང་ བཀག་ཐབས་འབད་ནི་ལུ་ གདོང་ལེན་འབྱུང་སྲིད་ནི་ཨིན་མས།
དེ་འབདཝ་ལས་ ནད་མ་འོང་གོང་ལས་རིམ་གྲོ་དང་ ཆུ་མ་འོང་གོང་ལས་གཡུར་བ་ཟེར་ སླབ་སྲོལ་ཡོད་དོ་བཟུམ་སྦེ་ ད་ལྟོ་ལས་ར་ འབྲེལ་ཡོད་དབང་འཛིན་ཚུ་གིས་ སྒྲ་དབྱངས་ཁང་ཚུ་གི་ གནད་དོན་ཐོག་ལུ་ བསྐྱར་ཞིབ་གནང་དགོཔ་འདུག་ཟེར་ ཞུ་ནི་ཨིན།

About admin

Check Also

དགོངས་ཞུ་འབད་མི་ཚུ་ བཀག་ཐབས་ཀྱི་སྲིད་བྱུས་ཡོད་ག?

༉ ལམ་འཛོལ་བ་ཉིན་མའི་ཧ་ཕྱིས། །གྱོས་འཛོལ་མ་བསྐལ་བའི་མགུ་མཇུག །ཆོས་རྣམས་ཐམས་ཅད་རྐྱེན་ཡིན་ཏེ། །འདུན་པའི་རྩེ་ལ་རབ་ཏུ་གནས། །ཟེར་བའི་དཔེ་དོན་བཟུམ་ རྒྱལ་ཁབ་ནང་ འགྱུར་བ་སྦོམ་ར་ འགྱོ་དོ་ཡོད་མི་གིས་ འགན་འཁྲི་ཅན་ཚུ་ ཚ་གྱང་ཐེབས་ཅིག་ར་ ལང་དོ་ཡོདཔ་འོང་། ང་བཅས་ཀྱི་ སླབ་ལུགས་ལུ་ཡང་ དང་པ་རྟ་མ་དཀྲོགསཔ་དྲག་ …

Leave a Reply

Your email address will not be published. Required fields are marked *