སྒྱིད་དར་འོགམ་གི་ རྩོད་བཤེར་ཆ་ཤས་ཅིག་ བསྒྱུར་བཅོས་འབད་དེ་ འཁྲུན་ཆོད་གནང་ཡོདཔ།

༉ ཁ་ཙ་ མངོན་མཐོ་ཁྲིམས་འདུན་གྱིས་ སྒྱིད་དར་འོགམ་དང་ འགྱམ་རྡོ་མི་སྡེ་གཉིས་ནང་ རྡོ་བཏོན་སའི་ ས་གཏེར་ལས་སྡེ་ཚུ་གིས་ གས་རྫས་ལག་ལེན་འཐབ་མི་ལུ་བརྟེན་ གནོད་པ་བཀལ་ཡོད་པའི་སྐོར་ལས་ མངོན་མཐོ་ཁྲིམས་འདུན་ལུ་ མཐོ་གཏུགས་འབད་ཡོད་པའི་ རྩོད་བཤེར་ཆ་ཤས་ཅིག་ བསྒྱུར་བཅོས་འབད་དེ་ འཁྲུན་ཆོད་གནང་ཡི།

འཁྲུན་ཆོད་དང་འཁྲིལཝ་ད་ རྡོ་བཏོན་ལས་སྡེ་༤ གིས་ ཐོག་མའི་ཁྲིམས་འདུན་གྱིས་ ས་གནས་དེ་ནང་གི་ མི་ངོམ་༨ ལུ་ རྒུད་འཐུས་བཟུམ་ཅིག་སྦེ་ དངུལ་ཀྲམ་༧༤༨,༥༣༠ སྤྲོད་དགོ་པའི་ འཁྲུན་ཆོད་གནང་ཡོད་མི་དེ་ལུ་ བསྒྱུར་བཅོས་མེད་པའི་ འཁྲུན་ཆོད་གནང་ཡི།

མངོན་མཐོ་ཁྲིམས་འདུན་གྱིས་ འཁྲུན་ཆོད་གནང་པའི་སྐབས་ མ་དངུལ་དེ་ཡང་ ལས་སྡེ་ཚུ་གིས་ མི་སྡེ་ལུ་ ཞབས་ཏོག་བཟུམ་ཅིག་སྦེ་ འབྲུག་གི་སྒྲུབ་བྱེད་བཅའ་ཁྲིམས་ སྤྱི་ལོ་༢༠༠༥ ཅན་མའི་དོན་ཚན་༨༠ དང་འཁྲིལ་འབད་ཡོདཔ་ལས་ ཞབས་ཏོག་ལྷན་ཁག་གི་ བཟོ་རིག་འགོ་དཔོན་ཚུ་གིས་ ཚོད་རྩིས་བཏོན་མི་ལྟར་ སྤྲོད་དགོ་ཟེར་བཀོད་ནུག།

འཐུང་ཆུའི་ཐད་ཁར་ལྷོདཔ་ད་ ལས་སྡེ་དང་ མི་སྡེའི་བར་ན་ སྤྱི་ལོ་༢༠༡༣ ཟླ་༤ པའི་ཚེས་༡༧ དང་ སྤྱི་ལོ་༢༠༡༡ ཟླ་༤ པའི་ཚེས་༨ ལུ་ གན་རྒྱ་བཟོ་ཡོད་མི་དེ་ ཁྲིམས་འདུན་གྱིས་ ངོས་ལེན་འབད་དེ་ འཐུང་ཆུ་གཙང་སྦྲ་དང་ལྡནམ་སྦེ་ བྱིན་དགོ་པའི་ བཀའ་རྒྱ་གནང་ཡོདཔ་ད་ ཧེ་མའི་འཁྲུན་ཆོད་དེ་ བསྟར་སྤྱོད་འབད་དགོ་པའི་ འཁྲུན་ཆོད་གནང་ཡི།

དེ་ལས་ མི་སྡེ་ནང་ འཁོར་ལམ་རྩི་ནག་གཏང་ནིའི་ཐད་ཁར་ལྷོདཔ་ད་ ཧེ་མ་ ལས་སྡེ་དང་ མི་སྡེའི་བར་ན་ གན་རྒྱ་བཟོ་བའི་སྐབས་ ལས་སྡེ་ཚུ་གིས་ ས་གཏེར་གྱི་གནང་བ་ འཐོབ་ནིའི་དོན་ལུ་ མི་སྡེ་ལས་ གནང་བ་བྱིན་ནི་དང་ འཁོར་ལམ་དེ་ ལས་སྡེ་ཚུ་གིས་བཟོ་ནི་སྦེ་ བཟོ་ཡོད་མི་ལྟར་དུ་ བསྟར་སྤྱོད་འབད་དགོ་པའི་ འཁྲུན་ཆོད་གནང་ཡི།

མཐོ་གཏུགས་པ་ ས་གཏེར་ལས་སྡེ་༤ གིས་ མི་སེར་ཚུ་ལས་ ཉོགས་མེད་ཡི་གུ་ལེན་པའི་ཤུལ་ལས་ གནང་བ་ལེན་དགོ་མི་དེ་ ཁེ་རྒུད་མི་བཏུབ་པས་ཟེར་ མཐོ་གཏོགས་འབད་མི་ལུ་ མངོན་མཐོ་ཁྲིམས་འདུན་གྱིས་ ལས་སྡེ་ཚུ་ གཞི་བཙུགས་འབད་བའི་སྐབས་ ཟད་འགྲོ་ལེ་ཤ་བཏང་ཡོདཔ་ལས་ དེ་གི་རྒུད་འཐུས་ཚུ་ མི་སྡེ་གིས་བཏབ་དགོཔ་བཟོ་བ་ཅིན་ བཏབ་ཐབས་མེདཔ་ལས་ ཁྲིམས་འདུན་གྱིས་ ཉོགས་མེད་ལག་ཁྱེར་དེ་ རྒྱལ་ཡོངས་མཐའ་འཁོར་གནས་སྟངས་ལྷན་ཚོགས་ཀྱི་ ལཱ་འགན་ཨིནམ་ལས་ ས་གཏེར་གྱི་དུས་ཚོད་དུས་ཡོལ་སོང་མ་སོང་ཚུ་ཡང་ ལྷན་ཚོགས་ཀྱིས་འབད་དགོཔ་སྦེ་ ཆ་ཤས་ཅིག་ བསྒྱུར་བཅོས་འབད་ཡི།

དེ་ལས་ གཡུས་ཀྱི་ལྷ་བཙན་ སྒྱིད་སྲུངཔ་གི་ ཕོ་བྲང་དེ་ཡང་ ཐོག་མའི་ཁྲིམས་འདུན་གྱིས་ གཡུས་ཀྱི་ལྷ་ཁང་ནང་ སྤོ་བཤུད་འབད་དགོཔ་སྦེ་ ཡོད་མི་ལྟར་དུ་ འབད་དགོཔ་སྦེ་ བསྒྱུར་བཅོས་མེད་པའི་ འཁྲུན་ཆོད་གནང་ཡི།

ཐོག་མའི་འཁྲུན་ཆོད་ལུ་ ཤ་ཆས་ཅིག་ བསྒྱུར་བཅོས་འབད་ཡོདཔ་ལས་ མཐོ་གཏུགས་འབད་མི་ ས་གཏེར་ལས་སྡེ་ཚུ་གིས་ མཐོ་གཏུགས་འབད་བའི་འཐུས་ དངུལ་ཀྲམ་༤༥,༠༠༠ མངོན་མཐོ་ཁྲིམས་འདུན་ལུ་ ཕུལ་མི་དེ་ཡང་ ལོག་སྟེ་ ལས་སྡེའི་ཇོ་བདག་ཚུ་ལུ་བྱིན་ཡི།

ཁྲིམས་འདུན་གྱིས་ ས་གཏེར་ལས་སྡེ་ཚུ་གིས་ མི་སེར་གྱི་ ཉོགས་མེད་ལག་ཁྱེར་མེད་པར་ གཞན་འབྲེལ་བ་ཡོད་པའི་ མཐའ་འཁོར་གནས་སྟངས་དང་ འབྲེལ་བ་ཡོད་པའི་ ལས་སྡེ་ཚུ་ལས་ གནང་བ་ཐོབ་མ་ཐོབ་ཚུ་ཡང་ རང་བཞིན་མཐའ་འཁོར་གནས་སྟངས་ལྷན་ཚོགས་ཀྱིས་ ཐག་བཅད་དགོ་ཟེར་ བཀའ་རྒྱ་གནང་ཡི།

རྩོད་གཞི་དེ་ཡང་ ས་གཏེར་ལས་སྡེ་༤ གིས་ བསམ་པ་མ་རྫོགས་པར་ སྤྱི་ལོ་༢༠༡༧ ཟླ་༣ པའི་ཚེས་༢༩ ལུ་ མཐོ་གཏུགས་འབད་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

བདེ་ཆེན་གླིང་ལུ་ གླངམོ་ཆེ་དང་འབྲེལ་བའི་དཀའ་ངལ།

༉ པདྨ་དགའ་ཚལ་ བདེ་ཆེན་གླིང་མཁོ་ལོམ་རི་དང་ དགོན་པ་འུང་སྤྱི་འོག་༢ ནང་ གླངམོ་ཆེ་དང་འབྲེལ་བའི་ གནོད་ཉེན་དེ་ ཆེ་སུ་ཅིག་སྦེ་ཐོན་ཡོདཔ་ལས་ ས་གནས་ཀྱི་མི་སེར་ཚུ་ ཚ་གྱང་ལང་སྟེ་ ཡོདཔ་ཨིན་པས། མ་གཞི་ ནགས་ཚལ་འགོ་དཔོན་དང་ གཡུས་ཁའི་མི་ཚུ་གིས་ གླངམོ་ཆེ་ཚུ་ …

Leave a Reply

Your email address will not be published. Required fields are marked *