༉ ལྷུན་རྩེ་རྫོང་ཁག་ སྒོར་གཱན་ལུ་ཡོད་པའི་ ཚོང་ཁང་ཚུ་གི་གནས་སྟངས་དེ་ འདས་པའི་ལོ་ཚུ་ནང་ གཡུས་མི་ཚུ་ ཉོ་ཚོང་རྐྱབ་སའི་ ལྟེ་བ་ཅིག་རུང་ ད་རེས་ནངས་པར་ རམ་འགྱོ་ནི་གུ་ ཐུག་སྟེ་འདུག།
དེ་ཡང་ ས་གནས་ཐདམ་ཐད་ཁ་ལས་ཕར་ སོ་ནམ་ཞིང་ལམ་ལྷོད་མི་དང་བསྟུན་ མི་སེར་ཚུ་གིས་ ཚོང་ཁང་གཞི་བཙུགས་འབད་མི་དང་ འབྲུག་བཟའ་སྤྱོད་ལས་འཛིན་ལས་ རྒེད་འོག་རེ་ནང་ ཡན་ལག་ཚོང་ཁང་རེ་ སྒོ་ཕྱེས་མི་ལུ་བརྟེན་ཨིན་པས།
ཚོང་ཁང་གཞི་བཙུགས་འབད་དེ་ ལོ་༢༠ ལྷགཔ་ཅིག་ལང་མི་ སྐལ་བཟང་སྟོབས་རྒྱས་ཀྱིས་ སླབ་མིའི་ནང་ དྲོ་ པའི་ཆུ་ཚོད་༧ ལས་ ནུབ་མོའི་ཆུ་ཚོད་༨ ཚུན་ ཚོང་ཁང་སྒོ་ཕྱེས་བཞག་རུང་ ཚོང་ཉོ་མི་ཕུད་རྡོག་གཅིག་ཡང་ འོང་ནི་མེདཔ་ལས་ འོང་འབབ་བཟོ་མ་ཚུགས་པའི་ དཀའ་ངལ་བྱུངམ་མས་ཟེར་ཨིན་པས།
སྐྱེས་ལོ་༦༣ ལང་མི་ སྐལ་བཟང་སྟོབས་རྒྱས་ཀྱིས་ སླབ་མིའི་ནང་ རྫོང་ཁག་བདག་སྐྱོང་གིས་ ཚོང་ཁང་གཞི་ བཙུགས་འབད་ཆོག་པའི་ གནང་བ་བྱིན་པའི་ཤུལ་ལུ་ སྤྱི་ལོ་༢༠༡༠ ཚུན་ སྨད་ཚོ་རྒེད་འོག་དང་ བཙན་མཁར་ སྨིན་རྗེ་ དེ་ལས་ རྒྱ་རེད་རྒེད་འོག་གི་ མི་སེར་ཚུ་ ཉིན་ནུབ་མེད་པར་ བཟའ་འཐུང་གི་རིགས་ཚུ་ མཁོ་སྒྲུབ་འབད་བར་ འོང་ནི་ཡོད་ཟེར་ཨིན་པས།
དེ་བསྒང་ སྣུམ་འཁོར་ལམ་མེདཔ་ལས་ གཡུས་མི་ཚུ་ རྟ་བདའ་སྟེ་ ཁུར་ཆ་ལེན་པར་འོང་མི་ལུ་བརྟེན་ ཉིན་བསྟར་བཞིན་དུ་ འོང་འབབ་དངུལ་ཀྲམ་༡༠,༠༠༠ དང་༢༠,༠༠༠ གི་བར་ན་ བཟོ་ཚུགས་མི་དེ་ ད་རེས་ འོང་འབབ་དངུལ་ཀྲམ་༡༥༠༠ དང་༣༠༠༠ གི་བར་ན་ཡང་ བཟོ་མི་ཚུགས་པས་ཟེར་ཨིན་པས།
ཁོ་གི་ ཚོང་ཁང་ལས་ བཟའ་འཐུང་རིགས་དང་ ཁྱིམ་བཟོ་སྐྲུན་གྱི་ཅ་ཆས་ཚུ་ བཙོང་ནི་ཡོདཔ་མ་ཚད་ བཀབ་གོ་ལ་ཚུ་ཡང་ བཙོང་ནི་འདུག།
སྣ་ཚོགས་ཚོང་ཁང་གི་ཇོ་བདག་ ཚེ་དབང་བསྟན་འཛིན་གྱིས་ སྤྱི་ལོ་༢༠༠༠ ལས་ ཚོང་བཙོང་ནི་འགོ་བཙུགས་ཏེ་ སྤྱི་ སྤྱི་ལོ་༢༠༡༠ ཚུན་ ཚོང་གི་འོང་འབབ་ཡང་ འབོར་ཆེ་ཏོག་ཏོ་སྦེ་ བཟོ་ཚུགས་ཡོདཔ་ཨིན་རུང་ དེ་གི་ཤུལ་ལས་ ཚོང་ཉོ་མི་གངམ་མེདཔ་ལས་ དཀའ་ངལ་བྱུང་ཡི་ཟེར་ཨིནམ་ད་ ད་ལྟོ་ཚུན་ བསྒུགས་སྡོད་མི་དེ་ཡང་ ཤིང་མཁར་དང་ སྒོར་གཱན་བར་ནའི་ གཞུང་ལམ་མཐུད་སྦྲེལ་འབད་བ་ཅིན་ ལེགས་ཤོམ་འགྱོ་འོང་མནོ་སྟེ་ཨིན་ཟེར་ ཚེ་དབང་བསྟན་འཛིན་གྱིས་ སླབ་ཨིན་པས།
དེ་བཟུམ་སྦེ་ ཤིང་མཁར་སྒོར་གཱན་གཞུང་ལམ་དེ་ གཞུང་གིས་ བཏོན་ནི་སྦེ་ ཁས་བླངས་འབད་མི་ལུ་བརྟེན་ སྤྱི་ལོ་༢༠༡༣ ལས་ ཁྱིམ་ཁང་གླར་ལེན་ཞིནམ་ལས་ ཟ་ཁང་གཞི་བཙུགས་འབད་བའི་ཤུལ་ ཤིང་མཁར་སྒོར་གཱན་གྱི་ལམ་བསལ་ནི་མེདཔ་མ་ཚད་ བཞེས་སྒོ་བཟའ་མི་ཡང་ ཉིནམ་༡ ནང་ མི་གཅིག་འོང་ནི་ལུ་ ལཱ་ཁག་འདུག་ ཟེར་ ནོར་བུ་རིན་ཆེན་གྱིས་ སླབ་ཨིན་པས།
ཟླ་རིམ་བཞིན་དུ་ ཁང་གླ་དངུལ་ཀྲམ་༣༠༠༠ རེ་ བཏབ་མི་ཡང་ འཐོན་མ་ཚུགས་པའི་དཀའ་ངལ་ལུ་བརྟེན་ ལོག་གཡུས་ཁར་སོང་སྟེ་ སོ་ནམ་གྱི་ལཱ་འབད་བ་ཅིན་ ཁེ་སང་ཆེ་ནི་བཟུམ་ཅིག་འདུག་ཟེར་ ཨིན་པས།
སྒོར་གཱན་ལུ་ འབྲུག་བཟའ་སྤྱོད་ལས་འཛིན་གྱི་ ཡིག་ཚང་གཞི་བཙུགས་འབདཝ་ལས་ཚུར་ ཉིན་བསྟར་བཞིན་དུ་ འོང་འབབ་དངུལ་ཀྲམ་འབུམ་༩ ལྷགཔ་ཅིག་གནས་པའི་ བཟའ་འཐུང་གི་རིགས་ཚུ་ རྫོང་ཁག་ཁྲོམ་དང་ རྒེད་འོག་གི་ ཚོང་པ་ཚུ་གིས་ སྦུང་ཚོང་སྦེ་ འབག་ནི་ཡོད་ཟེར་ འཛིན་སྐྱོང་པ་ ཚེ་རིང་གཡུ་སྒྲོན་གྱིས་ བཤདཔ་ཨིན་པས།
སྒོར་གཱན་ལུ་ ཐོག་ཚད་༢ དང་༣ རེ་འབད་མི་ རང་ལུགས་ཀྱི་ཁྱིམ་༨ ཡོད་མིའི་ནང་ ཚོང་ཁང་༧ དང་ ཟ་ ཁང་༡ གཞི་བཙུགས་འབད་དེ་ཡོདཔ་ ཨིན་པའི་གནས་ཚུལ།
སྒོར་གཱན་ལས་ བཀྲིས་ཕུན་ཚོགས།