༉ ཡོངས་གྲགས་ལུ་ ཕུན་ཚོགས་གླིང་ནང་འཁོད་ལུ་ སྒོམ་ཆེན་དབང་ཕྱུག་ཟེར་ སླབ་མི་གིས་ སྤྱི་ལོ་༡༩༨༣ ལུ་ ཁོ་ར་ སྐྱེས་ལོ་༤༩ ལངམ་ད་ ཁོ་ར་རྐྱངམ་གཅིག་སྦེ་ རྒྱ་གར་གྱི་རྒྱལ་ས་ ལྡི་ལི་ལུ་ སོང་ཡོདཔ་ཨིན་པས།
ཁོ་ར་ ལྡི་ལི་ལུ་ དེ་སྦེ་ར་ བཤལ་བ་སོང་སོཔ་མེན་པར་ རྒྱལ་ཁབ་ནང་ ཟས་བཅུད་ལྡན་པའི་ གསལ་བྱེད་ཚྭ་གི་ འཕྲུལ་ཁང་གཞི་བཙུགས་འབད་ནིའི་ ཐབས་རིག་ལྷབ་པར་ཨིན་པས།
སྒོམ་ཆེན་དབང་ཕྱུག་གིས་ རྒྱལ་ཁ་ནང་ ལོག་ལྷོད་ཞིནམ་ལས་ ཨ་ཡོ་ཌིན་ཟེར་མི་ ཟད་བཅུད་ཉུང་མི་ལུ་བརྟེན་ མི་ཚུ་ལུ་ སྐེ་ལུ་བཏགས་པའི་ལྦཝ་ མར་ཕབ་དང་ བཀག་ནི་ལུ་ གདོང་ལེན་དང་ ཕན་གྲོགས་འབད་ནི་ འགོ་བཙུགས་ནུག།
སྒོམ་ཆེན་དབང་ཕྱུག་གིས་ འབྲུག་གསལ་བྱེད་ཚྭ་ཚོང་ལས་ཁང་ གཞི་བཙུགས་འབད་ཚུགས་མི་ལུ་ ངལ་རངས་སྦོམ་བྱུང་ཡོདཔ་མ་ཚད་ སེམས་དགའ་སྟེ་ཡོད་ཟེར་ བཤདཔ་ཨིན་པས།
ང་གིས་ གསལ་བྱེད་ཚྭ་དེ་ལས་བརྟེན་ ཁེ་སང་སྦོམ་ཅིག་ བཟོ་མ་ཚུགས་ཏེ་འབད་རུང་ རྒྱལ་ཁབ་ནང་ ལྦཝ་བཏག་ནིའི་ ནད་གཞི་ཡོད་མི་དེ་ མར་ཕབ་འབད་ནིའི་ནང་ ཆ་རོགས་འབད་ཚུགས་མི་ལུ་ ངལ་རངས་ཏེ་ཡོད་པའི་ཁར་ ཁོ་རའི་ གསལ་བྱེད་ཚྭ་གིས་ རྒྱལ་ཁབ་ནང་འཁོད་ཀྱི་ སེམས་ཅན་ཚུ་ལུ་ཡང་ ཕན་ཐོགས་བྱུང་སྟེ་ཡོད་ཟེར་ ད་ལྟོ་ སྐྱེས་ལོ་༨༩ ལང་མི་ སྒོམ་ཆེན་དབང་དཕྱུག་གིས་ བཤདཔ་ཨིན་པས།
བཀྲིས་སྒང་ལས་ཨིན་མི་ སྒོམ་ཆེན་དབང་ཕྱུག་དེ་ སྤྱི་ལོ་༡༩༧༠ དོན་གྲངས་ལུ་ ཕུན་ཚོགས་གླིང་ལུ་འོང་སྟེ་ སྐུ་འཁོར་གྱི་ སྒོ་ཁ་ལུ་ ཕྱག་ཞུ་ཡོདཔ་ད་ ཁོ་གིས་ འགོ་དང་པ་ ས་མཚམས་ཀྱི་ ཕྱི་ཁ་ལས་ སྤྱིར་བཏང་ཚྭ་ནང་འདྲེན་འབད་དེ་ རྒྱལ་ཁབ་ནང་ བཀྲམ་སྤེལ་འབད་ཡོད་རུང་ ཤུལ་ལས་ གསལ་བྱེད་ཚྭ་ ཚོང་འབྲེལ་འཐབ་ནི་ལུ་ གཙོ་བོར་བཏོན་ཡོདཔ་ཨིན་པས།
ད་རེས་ནངས་པར་ ཁོ་གི་ ཚོང་ལས་ཁང་གིས་ དྲོ་པ་ཆུ་ཚོད་༨ ལས་ཉིན་ཕྱེད་ཚུན་ གསལ་བྱེད་ཚྭ་ཕད་ཙེ་༨༠༠ རེ་ ཐོན་སྐྱེད་འབད་དོ་ཡོདཔ་ད་ ལོ་ཅིག་ནང་ ཚྭ་མེ་ཊིག་ཊཱོན་༦༠,༠༠༠ དེ་ཅིག་ ཐོན་སྐྱེད་འབདཝ་ཨིན་པས།
གསལ་བྱེད་ཚྭ་ཀེ་ཇི་༣༧.༥ འབད་མི་ལུ་ དངུལ་ཀྲམ་༢༥༠ རེ་འབདཝ་ད་ ཚྭ་ཀེ་ཇི་རེ་ལུ་ དངུལ་ཀྲམ་༡༢ རེ་སྦེ་ བཙོང་དོ་ཡོདཔ་ད་ གོང་ཚད་དེ་ ཚོང་འབྲེལ་ལས་ཁུངས་ཀྱིས་ བཟོ་ཡོདཔ་ཨིན་པས།
སྒོམ་ཆེན་དབང་ཕྱུག་གིས་ བཤད་མིའི་ནང་ སྤྱི་ལོ་༡༩༨༣ ལུ་ ཚོང་འབྲེལ་འགོ་བཙུགས་པའི་ཁར་ ཁོ་ར་ ཤེས་ཡོན་མེད་པའི་ཁར་ གཞུང་གི་འགོ་དཔོན་ཚུ་དང་གཅིག་ཁར་ འཛམ་གླིང་སྤྱི་ཚོགས་རྒྱལ་སྤྱི་ཨ་ལོའི་ཤེས་ཡོན་མ་དངུལ་ ཡུ་ནི་སེཕ་ལས་ ཕུན་ཚོགས་གླིང་ལུ་ གཞི་བཙུགས་འབད་མི་ གསལ་བྱེད་ཚྭ་གི་དོན་ལུ་ གྲོགས་རམ་ལེན་པའི་སྐབས་ དོ་འགྲན་འབད་དགོ་ནི་དེ་གིས་ གདོང་ལེན་སྦོམ་བྱུང་ཡི་ཟེར་ཨིན་པས།
ཁོ་གིས་ ལྡི་ལི་ལུ་ མ་འགྱོ་བའི་ཧེ་མར་ གཞུང་གི་འགོ་དཔོན་གཉིས་ཡང་ གསལ་བྱེད་ཚྭ་གི་དོན་ལུ་ གྲོས་འཆར་བཙུགས་པར་ལྷོད་ཡོད་རུང་ ཡུ་ནི་སེཕ་གིས་ གཞུང་གི་འགོ་དཔོན་ཚུ་ལུ་མེན་པར་ ཁོ་ལུ་ རྒྱབ་སྐྱོར་འབད་ཡི་ཟེར་ཨིན་པས།
སྤྱི་ལོ་༡༩༨༣ ལུ་ རྒྱལ་ཁབ་ནང་ སྐེ་ལུ་ལྦཝ་བཏགས་པའི་ ཚད་གཞི་དེ་ བརྒྱ་ཆ་༦༤.༥ ཡོད་པའི་ཁར་ ཨ་ལོ་དང་ཨམ་སྲུ་ཚུ་དང་འབྲེལ་བའི་ ནད་གཞི་གཞན་ཚུ་ཡང་ མཐོ་དྲགས་སྦེ་ སྡོད་ནུག་ཟེར་ཨིན་པས།
དེ་འབདཝ་ལས་ ཡུ་ནི་སེཕ་གིས་ གསལ་བྱེད་ཚྭ་གི་དོན་ལུ་ འཕྲུལ་ཆས་དང་ཅ་ཆས་ དེ་ལས་ མཐུན་རྐྱེན་གཞན་ཚུ་གི་ གྲོགས་རམ་བྱིན་ཡོདཔ་ད་ དེ་གི་ཧེ་མར་ ལྡི་ལི་ལུ་ཡོད་མི་ ཡུ་ནི་སེཕ་ཡིག་ཚང་གིས་ འབྲུག་གི་དོན་ལུ་ ཟད་བཅུད་ཀྱི་ དཀའ་ངལ་དེ་ སྨན་ཁབ་བཙུགས་མི་དེ་གིས་ སེལ་ཚུགས་འོང་ཟེར་སླབ་སྟེ་ ཁོ་ལུ་ གྲོགས་རམ་བྱིན་མ་བཏུབ་རུང་ ཁོ་ར་ ཧེ་མ་ལས་ ཚྭ་གི་ཚོང་འབྲེལ་འཐབ་ནི་ འགོ་བཙུགས་མི་ལུ་བརྟེན་ བདུན་ཕྲག་༡ དེ་ཅིག་གི་ནང་འཁོད་ལུ་ གྲོགས་རམ་ཐོབ་ཚུགས་ཅི་ཟེར་ཨིན་པས།
ཟླཝ་གསུམ་གྱི་ཤུལ་ལས་ ཕུན་ཚོགས་གླིང་ལུ་ གསལ་བྱེད་ཚྭ་བཟོ་ཁང་གཞི་བཙུགས་འབད་ནིའི་དོན་ལུ་ འཕྲུལ་ཆས་ཚུ་ ལྷོད་ཡོད་དེ་ སྤྱི་ལོ་༡༩༨༤ ལས་ ཐོན་སྐྱེད་འབད་ནི་ འགོ་བཙུགས་ཡོདཔ་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཁོ་གི་བཟོ་གྲྭ་ཁང་ལས་ ཐོན་སྐྱེད་འབད་མི་ གསལ་བྱེད་ཚྭ་ཚུ་ ས་མཚམས་ཁ་ལས་ ཉོ་མི་དང་ཕྱདཔ་ད་ སྤུས་ཚད་མ་འདྲ་བའི་སྐོར་ལས་ ཤེས་དགོཔ་གལ་ཆེ་བའི་ཁར་ ལོ་དག་པ་ཅིག་གི་ཧེ་མར་ ཚོང་འབྲེལ་མར་བབས་སོང་ཡོད་རུང་ ད་རེས་ རྒྱལ་ཁབ་ནང་འཁོད་ཀྱི་ ས་གནས་ག་ཏེ་ལུ་ཡང་ ཁྱབ་ཚུགསཔ་སྦེ་ ཚོང་འབྲེལ་འཐབ་དོ་ཡོདཔ་ཨིན་པས།
གཞུང་གིས་ སྤྱི་ལོ་༡༩༨༥ ལས་ ལོ་ལྔའི་ནང་འཁོད་ལུ་ ལྦཝ་གི་གནས་ཚད་སྐོར་ལས་ ཞིབ་དཔྱད་འབད་བའི་སྐབས་ མར་བབས་སོང་ཡོདཔ་མ་ཚད་ ཚྭ་དེ་ གྲོང་གསེབ་ཚུ་ནང་ལས་ཕར་ ཁྱབ་ཚུགས་ཡོད་པའི་ ངོས་འཛིན་བྱུང་ནུག།
ཡུ་ནི་སེཕ་གིས་ སྤྱི་ལོ་༢༠༠༠ ལས་ རྒྱལ་ཁབ་ནང་འཁོད་ཀྱི་ ཁྱིམ་གུང་བརྒྱ་ཆ་༩༥ ནང་ གསལ་བྱེད་ཚྭ་གིས་ ཁྱབ་ཚུགསཔ་འབད་ནིའི་ དམིགས་གཏད་ཡོདཔ་ཨིན་རུང་ སྤྱི་ལོ་༢༠༠༠ སྔ་ཆ་ལས་ འབྲུག་མི་བརྒྱ་ཆ་༩༠ དེ་ཅིག་གིས་ གསལ་བྱེད་ཚྭ་སྤྱོད་མི་ལུ་བརྟེན་ ཟས་བཅུད་ཉུང་མི་དང་འབྲེལ་བའི་ ནད་རིགས་རྒྱ་ཆེ་དྲགས་སྦེ་ར་ མར་བབས་སོང་ཡོདཔ་ཨིན་པས།
སྤྱི་ལོ་༢༠༠༣ ལུ་ འབྲུག་གིས་ ཟས་བཅུད་ཉུང་བའི་ ནད་གཞི་དེ་ རྩ་མེད་བཏང་ཡོདཔ་ད་ འབྲུག་གི་དོན་ལུ་ འཛམ་གླིང་གསོ་བའི་ལས་ཚོགས་ཀྱི་སྐུ་ཚབ་ ཌོག་ཊར་རུའི་ པའུ་ལོ་ ཌི་ ཇི་སིསི་གིས་ ཀུན་གསལ་ལུ་ སླབ་མི་དང་འཁྲིལཝ་ད་ ཧེ་མ་འབད་བ་ཅིན་ མི་གི་སྐེ་ལུ་ ལྦཝ་བཏགས་མི་ ལེ་ཤ་མཐོང་ནི་ཡོད་རུང་ ད་རེས་འབད་བའི་བསྒང་ལས་ གངམ་མཐོང་ནི་མིན་འདུག་ཟེར་ཨིན་པས།
གསོ་བའི་ལྷན་ཁག་ ཟས་བཅུད་ལས་རིམ་འགོ་དཔོན་ཡང་ཨིན་མི་ ཟས་བཅུད་མཁས་མཆོག་ ལེགས་ལྡན་མཛོད་ཀྱིས་ སླབ་མིའི་ནང་ འབྲུག་གིས་ སྤྱི་ལོ་༢༠༠༣ ལས་ཚུར་ ཟས་བཅུད་ཉུང་བའི་ དཀའ་ངལ་རྩ་མེད་བཏང་མིའི་ གནས་ཚད་དེ་ རྒྱུན་སྐྱོང་འཐབ་ཚུགས་ཏེ་ཡོདཔ་བཞིན་དུ་ སྤྱི་ལོ་༢༠༡༥ ལུ་ རྒྱལ་ཡོངས་ཟས་བཅུད་ཀྱི་ བརྟག་དཔྱད་ཅིག་ འགོ་འདྲེན་འཐབ་པའི་སྐབས་ལུ་ར་ གསལ་བྱེད་ཚྭ་གིས་ མི་བརྒྱ་ཆ་༩༩ ལུ་ ཁྱབ་ཡོདཔ་ལས་ ཉེན་ཁ་ཆུང་ནི་དེ་གིས་ ང་བཅས་བློ་བདེ་སྟེ་ཡོད་ཟེར་ བཤདཔ་ཨིན་པས།
ཨིན་རུང་ ནད་གཞི་དེའི་སྐོར་ལས་ འཆར་གཞི་༡༢ པའི་ནང་ ད་རུང་ཚར་ཅིག་ ཚན་རིག་གི་ཐོག་ལས་ ཞིབ་དཔྱད་འབད་ནིའི་ འཆར་གཞི་ཡོདཔ་ད་ སྒོམ་ཆེན་དབང་ཕྱུག་གིས་ ཁོ་རའི་བཟོ་གྲྭ་ཁང་ནང་ འགོ་དང་པ་ ལས་བྱེདཔ་༡༨ བཙུགས་ཏེ་ འགོ་འབྱེད་འབད་བའི་སྐབས་ བཏབ་པའི་པར་ཚུ་ གསལ་སྟོན་འབད་ཡོདཔ་བཞིན་དུ་ དེ་བསྒང་ ལྡི་ལི་ལས་ ཡུ་ནི་སེཕ་གི་ སྐུ་ཚབ་དེ་ཡང་ འོང་ཡོདཔ་ཨིན་པས།
སྤྱི་ལོ་༡༩༨༤ ལུ་ བཟོ་གྲྭ་ཁང་ནང་ རྫས་སྦྱོར་པ་སྦེ་འཛུལ་མི་ ད་ལྟོ་ ལོ་ངོ་༥༤ ལང་མི་ སུ་བྲ་ཏ་ ཅཱན་ད་གིས་ སླབ་མིའི་ནང་ ཁོ་ར་ དེ་བསྒང་ མཐོ་རིམ་སློབ་གྲྭ་མཇུག་བསྡུ་བའི་ཤུལ་ལས་ བཟོ་གྲྭ་ཁང་དེ་ནང་ འཛུལ་བའི་ཤུལ་ལས་ སྒོམ་ཆེན་དབང་ཕྱུག་ཁོང་གཉིས་ རྒྱ་གར་གྱི་ས་གནས་ ཀཱོལ་ཀ་ཊ་ལུ་ཡོད་མི་ གསལ་བྱེད་ཚྭ་བཟོ་ཁང་རྙིངམ་ཚུ་ནང་ ལྟ་སྐོར་འབད་བར་ སོང་ཡི་ཟེར་ཨིན་པས།
སྒོམ་ཆེན་དབང་ཕྱུག་གིས་ འབྲུག་གི་དངུལ་ཁང་ནང་ལས་ དངུལ་ཀྲམ་ས་ཡ་༡.༦ སྐྱིན་འགྲུལ་ལེན་ཡོད་མི་དེ་ཡང་ ལོག་བཏབ་ཚར་ཡོདཔ་ད་ སྤྱི་ལོ་༢༠༠༤ ལུ་ ཡུ་ནི་སེཕ་གིས་ སྒོམ་ཆེན་དབང་ཕྱུག་གི་ ཁ་ཐུག་ལས་ འབྲུག་རྒྱལ་ཁབ་ནང་ གསལ་བྱེད་ཚྭ་འགོ་བཙུགས་ཏེ་ ཟས་བཅུད་ཉུང་པའི་ དཀའ་ངལ་རྩ་མེད་གཏང་ནིའི་ནང་ ལྷན་ཐབས་འབད་བའི་ ངོས་འཛིན་འབད་ཡོདཔ་ཨིན་པས།
སྒོམ་ཆེན་དབང་ཕྱུག་དེ་ ལོ་ན་རྒས་ནི་དེ་གིས་ ད་ལྟོ་ ཁོ་རའི་ བཟོ་གྲྭ་ཁང་ནང་ འགྱོ་བའི་སྐབས་ ལག་པར་འཁརཝ་བཤེད་དེ་ ལམ་འགྱོཝ་ཨིན་པའི་གནས་ཚུལ།
སྐར་སྒྱུར་ བཀྲིས་བསྟན་འཛིན།