སྒོ་ཤིང་རྒཔོ་ དགོངས་ཕོག་གཏང་བཞག་གི་ ཐག་མ་བཅད་པར་ཡོདཔ།

༉ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ས་གནས་གཞུང་སྐྱོང་ལས་ཁུངས་ལུ་ གཞལམ་སྒང་རྫོང་ཁག་གི་ སྒོ་ཤིང་རྒཔོ་ སངས་རྒྱས་ལས་འཕྲོ་དེ་ ལཱ་འགན་ནང་ལས་ དགོངས་ཕོག་གཏང་དགོ་པའི་ ཡི་གུ་བྲིས་ཏེ་ ཧ་ལམ་ཟླཝ་ལང་རུང་ ལས་ཁུངས་ཀྱིས་ ད་ལྟོ་ གྲོས་ཐག་མ་བཅད་པར་ཡོདཔ་ཨིན་པས།
ལྷན་ཚོགས་ཀྱིས་ སྤྱི་ཟླ་༦ པའི་ཚེས་༡༢ ལུ་བཏང་མི་ ཡི་གུ་དེ་ནང་ ལས་ཁུངས་ཀྱིས་ ངན་ལྷད་བཀག་སྡོམ་བཅའ་ཁྲིམས་༢༠༡༡ ཅན་མའི་དོན་ཚན་༡༧༢ (༢) དང་ སྤྱི་ལོ་༢༠༡༣ ཟླ་༧ པའི་ཚེས་༡༧ ལུ་ མངོན་མཐོ་ཁྲིམས་འདུན་གྱིས་ བཀའ་རྒྱ་གནང་མི་དང་འཁྲིལ་ སྒོ་ཤིང་རྒཔོ་དེ་ ཁོ་རའི་ལཱ་གཡོག་ནང་ལས་ དགོངས་ཕོག་གཏང་དགོཔ་ཅིག་ཨིན་ཟེར་ བཀོད་ནུག།
ལྷན་ཚོགས་ཀྱིས་འབད་བ་ཅིན་ རྒཔོ་སངས་རྒྱས་ལས་འཕྲོ་ལུ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ མ་དངུལ་ལོག་སྤྱོད་འབད་བའི་ ཉེས་འཛུགས་ཐོག་ པཱན་སྦང་དྲུང་ཁག་ཁྲིམས་ཀྱི་འདུན་སར་ ཉེས་བཤེར་ཡི་གུ་བཙུགས་ཏེ་ཡོད་ཟེར་ཨིན་པས།
ཨིན་རུང་ ས་གནས་གཞུང་སྐྱོང་ལས་ཁུངས་ཀྱི་ མདོ་ཆེན་ངོ་ཚབ་ དཀར་མདོག་བཟང་པོ་གིས་ སླབ་མིའི་ནང་ སྤྱི་གཡོགཔ་དགོངས་ཕོག་གཏང་ནིའི་ཐད་ལུ་ ས་གནས་གཞུང་གི་ བཅའ་ཁྲིམས་ནང་ ག་དེ་སྦེ་ འཁོད་དེ་ཡོདཔ་ཨིན་ན་ ལས་ཁུངས་ཀྱིས་ བལྟ་བའི་བསྒང་ཡོདཔ་བཞིན་དུ་ དེ་གི་ཤུལ་ལས་ ནང་སྲིད་ལྷན་ཁག་དང་ གྲོས་བསྟུན་འབད་ཞིནམ་ལས་ ཐག་བཅད་འོང་ཟེར་ཨིན་པས།
ལས་ཁུངས་ཀྱི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ ས་གནས་གཞུང་གི་བཅའ་ཁྲིམས་ནང་ ས་གནས་གཞུང་རེ་ལུ་ སྒྲིག་ཁྲིམས་ཚོགས་ཆུང་རེ་ འོང་དགོཔ་ལས་ དེ་གིས་ ཉོགས་བཤད་ག་ཅི་ར་ཡོད་རུང་ འཐུས་མི་དེ་ལུ་ དང་ལེན་འབད་དགོཔ་སྦེ་ འཁོད་དེ་འདུག་ཟེར་ཨིན་པས།
ཨིན་རུང་ སྒྲིག་ཁྲིམས་ཚོགས་ཆུང་དེ་གིས་ ཉེས་རྩོད་ཀྱི་ ཉེས་འཛུགས་འབད་དེ་ཡོད་མི་ འཐུས་མི་དེ་ལུ་ ངོས་ལེན་འབད་ཆོག་འོང་ག་ དྭངས་གསལ་སྦེ་བཀོད་དེ་ མིན་འདུག་ཟེར་ཨིན་པས།
རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ སྒོ་ཤིང་རྒཔོ་ལུ་ དངུལ་ཀྲམ་ས་ཡ་༡༠.༥ ལྷགཔ་ཅིག་ ལྐོག་ཟ་འབད་བའི་ ཉེས་འཛུགས་ཐོག་ སྤྱི་ཟླ་༦ པའི་ཚེས་༤ ལུ་ དྲུང་ཁག་ཁྲིམས་འདུན་ལུ་ བཤེར་ཡིག་བཙུགས་ཡོདཔ་ཨིན་པས།
གཞལམ་སྒང་རྫོང་ཁག་ཚོགས་འདུའི་ ཁྲི་འཛིན་ཡང་ཨིན་མི་ སྒོ་ཤིང་རྒཔོ་དེ་ མ་དངུལ་ལྐོག་ཟ་འབད་བའི་ ཉེས་འཛུགས་ཁག་༢༧ དང་ ལོག་འདྲེན་འབད་བའི་ ཉེས་འཛུགས་༦ གཡོ་སྒྱུའི་ཐོག་ལས་ གླ་ཁར་ལེན་མི་དང་ ཡིག་ཚང་ལོག་སྤྱོད་འབད་བའི་ ཉེས་འཛུགས་ཁག་༩ བཀལ་ཡོདཔ་ཨིན་པས།
ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ཡི་གུ་ནང་ གལ་སྲིད་ ས་གནས་གཞུང་སྐྱོང་ལས་ཁུངས་ཀྱིས་ རྒཔོ་དེ་ དགོངས་ཕོག་མི་གཏང་ནི་སྦེ་ གྲོས་ཐག་བཅད་པ་ཅིན་ རྒཔོ་ཁོ་ར་ ཁྲིམས་ཀྱི་འདུན་སར་ སྙན་གསན་གྱི་དོན་ལུ་ བཅའ་བའི་སྐབས་ ཡིག་ཚང་གི་ དུས་ཚོད་དང་ དམངས་ཀྱི་ཐོན་ཁུངས་ཚུ་ ལག་ལེན་འཐབ་ནི་མེདཔ་ ངེས་བརྟན་བཟོ་དགོཔ་སྦེ་བཀོད་ནུག།
རྒཔོ་སངས་རྒྱས་ལས་འཕྲོ་གི་ སྒེར་འཁོར་དེ་ཡང་ ལྷན་ཚོགས་ཀྱིས་ འཕྱོག་བཟུང་འབད་དེ་ པཱན་སྦང་དྲུང་ཁག་ནང་ བཞག་ཡོད་པའི་གནས་ཚུལ།

About admin

Check Also

རྒྱུ་དངོས་གསལ་སྟོན་འབད་ནིའི་ དུས་ཚོད་ཕར་འགྱངས་འབད་དགོ་པའི་ཞུ་བ།

༉ རྒྱལ་ཁབ་ཀྱི་ཁྲིམས་དང་ ལམ་ལུགས་ཚུ་དང་འཁྲིལ་ ལོ་བསྟར་བཞིན་དུ་ རྒྱུ་ནོར་ལ་སོགས་པའི་རིགས་ ག་ཅི་ར་ ཉོ་སྒྲུབ་འབད་ཡོདཔ་ཨིན་ན་དང་ སྤྱི་གཡོགཔ་གི་ མིང་ཐོ་ཁར་ རྒྱུ་དངོས་འཆང་ཡོད་མི་ཚུ་ གསལ་སྟོན་འབད་དགོཔ་དེ་ ཁག་ཆེ་ཤོས་ཅིག་ཨིནམ་ ང་བཅས་ག་ར་གིས་ མ་ཤེསཔ་མེད་ཟེར་ཞུ་ནི། སྤྱི་ཟླ་༦ …

Leave a Reply

Your email address will not be published. Required fields are marked *