སྒོ་ནོར་ཐོན་སྐྱེད་བཙོང་ཁང་གསརཔ་གིས་ སོ་ནམ་པ་ཚུ་གི་ འོང་འབབ་ཡར་སེང་འབད་ཚུགས་ནི།

༉ སྤུ་ན་ཁ་རྫོང་ཁག་ནང་ སྒོ་ནོར་མཉམ་ལས་ཚོགས་སྡེའི་ཐོག་ལས་ སྒོ་ནོར་གྱི་ཐོན་སྐྱེད་ ཚོང་འབྲེལ་འཐབ་མི་ཚུ་གིས་ ད་ལས་ཕར་ ཚོང་འབྲེལ་རྒྱ་སྐྱེད་འབད་ནིའི་དོན་ལུ་ གཞུང་གིས་ སྒོ་ནོར་ཐོན་སྐྱེད་བཙོང་ཁང་ཅིག་ གཞི་བཙུགས་འབད་བྱིན་ནུག།
སྤྱི་ཟླ་༩ པའི་ཚེས་༥ ལུ་ རྫོང་ཁག་གི་ ཁུ་རུ་ཐང་ཁྲོམ་ནང་ འགོ་འབྱེད་འབད་མི་ སྒོ་ནོར་ཐོན་སྐྱེད་བཙོང་ཁང་དེ་གིས་ སྒོ་ནོར་མཉམ་ལས་ཚོགས་སྡེའི་ཐོག་ལས་ བེ་ལ་བ་གསོ་སྐྱོང་འབད་མི་ རྒེད་འོག་༡༡ གི་ སོ་ནམ་པ་ཚུ་ལུ་ ཕན་ཐོགས་འབྱུང་ནི་ཨིན་མི་དེ་ ད་ལས་ཕར་ ཁོང་གིས་ སྒོ་ནོར་ཐོན་སྐྱེད་ཚུ་ གཞུང་འབྲེལ་དུ་ ཚོང་འབྲེལ་འཐབ་ཚུགས་ནི་ཨིན་པས།
དངུལ་ཀྲམ་ས་ཡ་༡.༤ གི་ཐོག་ལས་ བཟོ་སྐྲུན་འབད་མི་བཙོང་ཁང་དེ་ ཁུ་རུ་ཐང་ལུ་ཡོད་པའི་ བདུན་ཕྲག་ཚོད་བསྲེ་བཙོང་སའི་ ཉེ་འདབས་ལུ་ཡོདཔ་ད་ དེ་ནང་ལས་ ཨོམ་དང་ཞོ་ཚུ་ སྤུས་ཚད་དང་ལྡནམ་སྦེ་ ཐོབ་ཚུགས་དོ་ཡོདཔ་ད་ བཙོང་ཁང་དེ་ སོ་ནམ་དང་ནགས་ཚལ་ལྷན་ཁག་གི་ སྒོ་ནོར་ལས་ཁུངས་ཀྱིས་ འགོ་འདྲེན་ཐོག་ལས་ གཞི་བཙུགས་འབད་ནུག།
ལས་ཁུངས་ཀྱི་ སྒོ་ནོར་འགོ་དཔོན་ ཚེ་རིང་རྡོ་རྗེ་གིས་ སླབ་མིའི་ནང་ ད་ལྟོ་ བཙོང་ཁང་དེ་ནང་ལས་ ཨོམ་དང་ཞོ་རྐྱངམ་གཅིག་ལས་བརྒལ་ ཐོབ་ནི་མེད་རུང་ མགྱོགས་པ་ར་ ཨོམ་གྱིས་བཟོ་མི་ འཁྱེགས་ཟས་ལ་སོགས་པ་ཚུ་ ཐོབ་ཚུགསཔ་སྦེ་ བཟོ་ནི་ཨིན་ཟེར་ཨིནམ་ད་ ད་ལྟོ་ ཨོམ་ལི་ཊར་རེ་ལུ་ དངུལ་ཀྲམ་༥༥ དང་ བཞོ་ཕོརཔ་རེ་ལུ་ དངུལ་ཀྲམ་༢༢ སྦེ་ བཙོང་དོ་ཡོདཔ་ཨིན་པས།
ད་རེས་ བཙོང་ཁང་དེ་ནང་ ཉིན་བསྟར་བཞིན་དུ་ ཨོམ་ལི་ཊར་༢༩༠ རེ་ བཙོང་དོ་ཡོདཔ་ཨིན་རུང་ ད་ལས་ཕར་ ཨོམ་གྱི་ཐོན་སྐྱེད་དེ་ ལེ་ཤ་གིས་ ཡར་སེང་འབད་ནིའི་ འཆར་གཞི་ཡོདཔ་ད་ ད་ཚུན་ རྫོང་ཁག་གི་ སོ་ནམ་པ་༩༩ གིས་ སྒོ་ནོར་མཉམ་ལས་ཚོགས་སྡེ་དང་གཅིག་ཁར་ ཐོ་བཀོད་འབད་དེ་ འཐུས་མི་སྦེ་ བཅའ་མར་གཏོགས་དོ་ཡོདཔ་ཨིན་པས།
འཐུས་མི་ཚུ་ ཆུ་སྦུག་དང་ འཛོམས་མི་ མགུ་མ་ དཀར་སྦིས་ས་ དེ་ལས་ སྟོད་ཝང་རྒེད་འོག་གི་ སོ་ནམ་པ་ཚུ་ཨིནམ་ད་ སྡེ་ཚན་དེ་གི་དོན་ལུ་ འཕྲལ་ར་ བྱ་བའི་གནད་སྤྱོད་ཅིག་ཡང་ བཟོ་ཞིནམ་ལས་ ལམ་ལུགས་ཚུ་ ཁ་གསལ་བཟོ་ནི་ཨིན་པས།
ཁོང་གི་དམིགས་གཏད་དང་འཁྲིལ་བ་ཅིན་ སྡེ་ཚན་དེ་ ད་རེས་ རྒྱལ་ཁབ་ནང་ མཐར་འཁྱོལ་བྱུང་ཡོད་པའི་ སྒོ་ནོར་མཉམ་ལས་ཚོགས་སྡེ་བཟུམ་ བཟོ་ནི་ཨིནམ་ད་ དེ་ཚུ་ཡང་ བཀྲིས་སྒང་ སྤམ་གཡུས་ཚན་དང་ བསམ་གྲུབ་ལྗོངས་མཁར་ བདེ་བ་ཐང་གི་ སྒོ་ནོར་མཉམ་ལས་ཚོགས་སྡེ་ཚུ་ ཨིན་པའི་གནས་ཚུལ།

བསྟན་འཛིན་རྣམ་རྒྱལ།

About admin

Check Also

མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ངོ་༢༡ གསལ་བསྒྲགས་འབད་ཡོདཔ།

༉ ཁ་ཙ་ མི་སེར་དམངས་གཙོ་ཚོགས་པ་གིས་ ཐིམ་ཕུག་ལུ་སྦེ་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུ་ཐེངས་༤ པའི་དོན་ལུ་ འདེམས་ངོ་༢༡ གསལ་བསྒྲགས་འབད་ ཡོདཔ་ཨིན་པས། དེ་དང་འཁྲིལ་ཏེ་ ད་ལྟོ་ཚུན་ཚོད་ མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ངོ་༤༧ ལས་༤༢ …

Leave a Reply

Your email address will not be published. Required fields are marked *