སྒེར་སྡེ་ཚུ་གིས་ འཚོ་རྟེན་མ་དངུལ་ ངེས་པར་དུ་བཟོ་དགོཔ།

༉ ལས་གཡོག་ལྷན་ཁག་གིས་ ཁྱབ་བསྒྲགས་འབད་མི་དང་འཁྲིལཝ་ད་ དུས་ཅི་ སྤྱི་ཟླ་༥ པའི་ནང་འཁོད་ལུ་ སྒེར་སྡེ་ནང་ཡོད་པའི་ ལས་ཚོགས་ཆ་མཉམ་གྱི་ ལས་བྱེདཔ་ཚུ་གི་དོན་ལུ་ འཚོ་རྟེན་མ་དངུལ་གྱི་ལམ་ལུགས་ རྒྱལ་གཞུང་ཉེན་བཅོལ་ལས་འཛིན་དང་ ཡང་ཅིན་ འབྲུག་ཉེན་བཅོལ་ཚད་འཛིན་དང་གཅིག་ཁར་ གཞི་བཙུགས་འབད་དགོ་ཟེར་ཨིན་པས།

ལས་མི་ལས་ཁུངས་ཀྱི་མདོ་ཆེན་ བསོད་ནམས་དབང་འདུས་ཀྱིས་ སླབ་མིའི་ནང་ ལས་མི་དང་ལཱ་གཡོག་བཅའ་ཁྲིམས་༢༠༠༧ ཅན་མའི་ དོན་ཚན་༩༩ པ་དང་ དེའི་ཁྲིམས་ལུགས་དང་འཁྲིལཝ་ད་ ལས་བྱེདཔ་ག་འབད་རུང་ ལཱ་གཡོག་ནང་ལས་ དགོངས་ཞུའི་དུས་ཚོད་ལུ་ འཚོ་རྟེན་མ་དངུལ་དང་ དགོངས་ཞུའི་གསོལ་རས་ འཐོབ་དགོཔ་སྦེ་ཡོད་ཟེར་ཨིན་པས།

མ་གཞི་ལམ་ལུགས་དེ་ སྒེར་སྡེ་སྦོམ་ལ་ལོ་ཅིག་དང་ ལས་འཛིན་ཚུ་གིས་ དེ་འཕྲོ་ལས་ ལག་ལེན་འཐབ་སྟེ་ཡོད་རུང་ སྒེར་སྡེ་མང་ཤོས་ཅིག་གིས་ ལག་ལེན་མ་འཐབ་པས་ཟེར་ མདོ་ཆེན་གྱིས་ སླབ་ཨིན་པས།

མདོ་ཆེན་གྱིས་ སླབ་མིའི་ནང་ ད་རེས་ ཚོང་ལས་ཁང་ཆ་མཉམ་གྱིས་ ཁྱབ་བསྒྲགས་དང་འཁྲིལ་ཏེ་ ལམ་ལུགས་གཞི་བཙུགས་འབད་ནིའི་ དུས་ཚོད་རན་ཡོདཔ་ད་ ལྷན་ཁག་གིས་ དུས་ཅི་ སྤྱི་ཟླ་༦ པ་ལས་འགོ་བཙུགས་ ལྟ་རྟོག་འབད་ནི་ འགོ་བཙུགས་འོང་ཟེར་ཨིན་པས།

གལ་སྲིད་ བཅའ་ཁྲིམས་དང་འཁྲིལ་ཏེ་ ལཱ་འབད་མི་མ་འཐོན་པ་ཅིན་ ལས་གཡོག་བཅའ་ཁྲིམས་དང་འཁྲིལ་ཏེ་ ཉེས་བྱ་བཀལ་ནི་ འགོ་བཙུགས་ནི་ཨིནམ་ད་ རྒྱལ་སྤྱི་ལས་མི་ལས་ཚོགས་དང་འཁྲིལ་རུང་ སྒེར་སྡེའི་ལས་བྱེདཔ་དང་ ཞི་གཡོགཔ་ཚུ་གིས་ ཁེ་ཕན་འདྲ་མཉམ་སྦེ་ འཐོབ་དགོ་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ ལམ་ལུགས་དེ་གི་སྐོར་ལས་ ཧེ་མ་ཡང་ ལྟ་རྟོག་འབད་ཡི་ཟེར་ཨིནམ་ད་ དེ་གི་དམིགས་ཡུལ་གཙོ་བོ་ར་ ལཱ་གཡོག་ནང་ ལོ་༥ ལས་ལྷག་སྟེ་ ལཱ་འབད་ཞིནམ་ལས་ དགོངས་ཞུ་འབད་མི་ཚུ་གི་ཁེ་ཕན་ལུ་ བལྟ་སྟེ་ཨིན་ཟེར་ཨིན་པས།

སྤྱི་ལོ་༢༠༠༠ ལས་འགོ་བཙུགས་ སྤྱི་ལོ་༢༠༡༧ ཟླ་༡༢ པའི་ཚེས་༣༡ ལུ་ ཞི་གཡོགཔ་མ་བརྩི་བར་ སྒེར་གྱི་ཚོང་ལསཔ་དང་ ལས་འཛིན་ དེ་ལས་ ས་གནས་གཞུང་བརྩིས་ཏེ་ ལས་སྡེ་ཁག་༣༦,༩༦ ནང་ལས་ ལས་བྱེདཔ་༥༣,༥༥༧ གྱིས་ འཚོ་རྟེན་མ་དངུལ་གྱི་དོན་ལུ་ འཐུས་མི་སྦེ་ འཛུལ་ཞུགས་འབད་ཡོདཔ་ཨིན་པས།

ཨིན་རུང་ ལྷན་ཁག་ནང་ ད་ཚུན་ འཚོ་རྟེན་མ་དངུལ་གྱི་ ལམ་ལུགས་གཞི་བཙུགས་མ་འབད་མི་ སྒེར་སྡེའི་ལས་ཁང་ཚུ་གི་ ཐོ་བཀོད་མེདཔ་ཨིན་པས།

ཨིན་རུང་ བསོད་ནམས་དབང་འདུས་ཀྱིས་ བཤད་མིའི་ནང་ སྒེར་སྡེ་ཁག་མང་ཤོས་ཅིག་གིས་ ལྷན་ཁག་ལུ་ སྙན་ཞུ་འབད་མི་དང་འཁྲིལཝ་ད་ དེ་བཟུམ་གྱི་ལམ་ལུགས་ གཞི་བཙུགས་འབད་ནིའི་དོན་ལུ་ གྲོས་བསྟུན་འབད་བའི་སྐབས་ ལས་བྱེདཔ་མང་ཤོས་ཅིག་གིས་ ལཱ་གཡོག་བཀོག་བཞག་སྟེ་ འགྱོ་མི་དེ་ཡང་ ཁོང་གི་ཟླ་རིམ་དངུལ་ཕོགས་ནང་ལས་ བརྒྱ་ཆ་༥ བཏོགས་འབག་ནི་དེ་ སེམས་མི་དགའ་བས་ཟེར་ཨིན་པས།

དེ་མ་ཚད་ ཤེས་རྟོགས་བྱུང་དོ་བཟུམ་འབད་བ་ཅིན་ ལས་བྱེདཔ་མང་ཤོས་ཅིག་གིས་ ལས་སྡེ་ཅིག་ནང་ ལོ་༥ ལཱ་འབད་སྡོད་ནིའི་ གདམ་ཁ་མི་རྐྱབ་པའི་ཁར་ ལ་ལོ་ཅིག་གིས་ ངལ་གསོ་ནང་ སོང་ཞིནམ་ལས་ ལོག་མི་འོང་དོ་ཡོདཔ་ཨིན་པས།

འཚོ་རྟེན་མ་དངུལ་དེ་ ལས་སྡེའི་ནང་འཁོད་བཅའ་ཡིག་ནང་བཙུགས་ཏེ་ ལྷན་ཁག་གིས་ ཆ་འཇོག་འབད་དགོཔ་ད་ ལས་སྡེ་ལ་ལོ་ཅིག་ ནང་འཁོད་བཅའ་ཁྲིམས་མ་བཟོ་མི་ལུ་བརྟེན་ ཉེས་བྱ་ཡང་ བཀལ་ཡོདཔ་ཨིན་པས།

བརྟག་ཞིབ་འབད་བའི་སྐབས་ ལས་སྡེ་དེ་ བཅའ་ཁྲིམས་ལུ་མ་གནས་པ་ཅིན་ དང་པ་ར་ ལེགས་བཅོས་ཀྱི་དོན་ལུ་ བརྡ་བསྐུལ་འབད་ནི་དང་ དེ་གི་ཤུལ་ལས་ ཉུང་ཤོས་ཉིན་གྲངས་༩༠ དང་ མཐོ་ཤོས་ཉིན་གྲངས་༣༦༠ ཚུན་གྱི་ ཉེས་བྱ་བཀལ་ནི་ཨིན་པས།

སྤྱི་ལོ་༢༠༡༣ ལས་༢༠༡༨ ཀྱི་བར་ན་ སྒེར་གྱི་ལས་སྡེ་ཚུ་ནང་ལས་ ནང་འཁོད་ལཱ་གཡོག་བཅའ་ཡིག་ མ་བཟོ་མི་དང་ འཚོ་རྟེན་མ་དངུལ་གྱི་ལམ་ལུགས་ གཞི་བཙུགས་མ་འབད་མི་ དེ་ལས་ དངུལ་ཕོགས་ཀྱི་ ཐོ་ཡིག་མ་བཟོ་ནི་དེ་གིས་ ཉེས་བྱ་དངུལ་ཀྲམ་༧༦༢,༥༠༠ བཀལ་ཡོདཔ་ ཨིན་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ།

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *